《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月22日

ངར་ཤུགས་བསྒྲིམས་ནས་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ཕྱོགས་སུ་གདོང་མཆོང་བྱེད་དགོས།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་21ཉིན་གནས་ཚུལ་འབྱོར་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མའོ་ནན་རིགས་ཀྱི་མི་རིགས་ཧྲིལ་པོ་དབུལ་སྒྲོལ་བྱུང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་བར་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཤུགས་ཆེན་བྱུང་ཞིང་། ཚང་མའི་ངར་ཤུགས་ཆེན་པོ་འཕེལ་བ་དང་། སྐུལ་ལྕག་ཆེན་པོ་ཐེབས་པ། སྒུལ་ཤུགས་ཆེན་པོ་སྣོན་པ་བཅས་བྱུང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། དཔའ་ངར་ཆེར་སྐྱེད་དང་། སྤྲོ་སེམས་རབ་འཕེལ། ཧུར་སེམས་ཆེན་པོ་བཅས་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་མཁྲེགས་སར་གཏུག་ཕོད་པ་བྱས་ཐོག་ནུས་ཤུགས་ཡོད་རྒུས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་སྣང་གྲོང་རྡལ་སྐྱིད་རྩེ་གྲོང་ཚོའི་འདི་ལོ་ལོ་60ལ་སླེབས་པའི་ཚེ་རིང་གཡུ་སྒྲོན་གྱིས་སྲིད་གཞུང་གིས་སྤྲད་མ་ཐག་པའི་བོད་བཟོའི་ཆ་སྒམ་ལ་ཕྱི་བདར་གཏོང་བཞིན་ཡོད་ཅིང་། 2018ལོའི་གོང་དུ་ཚེ་རིང་གཡུ་སྒྲོན་ཁྱིམ་ནི་གྲོང་ཚོའི་ནང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་རེད། ཁྱིམ་གྱི་ས་ཞིང་མུའུ་ཁ་ཤས་ལ་བརྟེན་ནས་ནང་མི་ཚོ་འཚོ་ཐབས་བྱེད་པ་དང་། ཁོང་གཅིག་པུས་བུ་མོ་གཉིས་གསོ་དགོས་རྐྱེན་དུས་ཡུན་རིང་པོ་ཞིག་འཚོ་བ་ཁ་ཐང་པོ་ཞིག་བསྐྱལ་དགོས་བྱུང་། དབུལ་སྐྱོར་སྲིད་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་བསྟུན་ནས།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ཏང་དང་སྲིད་གཞུང་གི་རོགས་རམ་འོག་འཚོ་བ་རིམ་བཞིན་འགན་ལེན་བྱུང་སྟེ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་སོང་ཡོད། “ཁ་སང་གསར་འགྱུར་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མའོ་ནན་རིགས་ཀྱི་མི་རིགས་ཧྲིལ་པོ་དབུལ་སྒྲོལ་བྱུང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་བ་དེས་རང་ཉིད་ལ་ལྕག་སྐུལ་ཆེན་པོ་ཐེབས་བྱུང་། རང་ཉིད་ཀྱིས་ངེས་པར་དུ་སློབ་སྦྱོང་ཧུར་ཐག་བྱས་ནས་རྩལ་ནུས་སྦྱངས་ཏེ་ནུས་པས་ལྕོགས་ཚོད་ཀྱིས་མི་དེ་བས་མང་བར་རོགས་རམ་བྱེད་ཀྱི་ཡིན”ཞེས་ཚེ་རིང་གཡུ་སྒྲོན་གྱི་བུ་མོ་ཆུང་བ་སྐལ་བཟང་སྒྲོལ་དཀར་གྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བརྗོད།

ཉེ་བའི་ལོ་ཤས་རིང་ཉི་མ་ལྷག་རྒྱལ་ཁྱིམ་གྱི་དབུལ་སྒྲོལ་མྱུར་ཚད་དངོས་འབྲེལ་མགྱོགས་པོ་བྱུང་། 2015ལོའི་ལོ་མཇུག་ཏུ་ཉི་མ་ལྷག་རྒྱལ་གྱི་ཁྱིམ་ཚང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་གྲས་སུ་བཅུག་པ་དང་། 2017ལོའི་ཟླ་9པར་ཉི་མ་ལྷག་རྒྱལ་གྱི་ཁྱིམ་ཚང་ནག་ཆུ་གྲོང་རྡལ་སྲིད་གཞུང་གིས་སྐྲུན་འགན་འཁུར་བའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ཁང་པར་སྤོས། 2018ལོའི་ཟླ་7པར་ཆུས་དང་གྲོང་རྡལ་རིམ་པ་གཉིས་ཀྱི་སྲིད་གཞུང་གི་རོགས་རམ་འོག“རྐོ་འདྲུ་འཕྲུལ་འཁོར་དང་ཀ་འཛུགས་འཕྲུལ་ཆས་གཏོང་མཁན་རིམ་པ་ལྔ་པའི”ལག་ཁྱེར་རག་མ་ཐག་པའི་ཉི་མ་ལྷག་རྒྱལ་ལ་ལས་ཡུལ་ཞིག་ནས་ལས་ཀ་རག་པར་ཟླ་རེར་ཡོང་འབབ་སྒོར་4500བྱུང་བ། 2018ལོའི་ལོ་མཇུག་ཏུ་ཉི་མ་ལྷག་རྒྱལ་གྱི་ཁྱིམ་ཚང་གི་དབུལ་ཞྭ་ཕུད་ཡོད། “སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་གྱིས་ང་ཚོའི་ཁྱིམ་ལ་ལྕག་སྐུལ་ཆེན་པོ་ཐེབས་བྱུང་ལ། མའོ་ནན་རིགས་ཀྱི་མི་རིགས་ཧྲིལ་པོ་དབུལ་སྒྲོལ་བྱུང་བའི་གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པའི་མྱོང་ཚོར་ཡང་ཟབ་མོ་བྱུང་། མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་གཅིག་མཚུངས་ཡིན་པའི་ང་ཚོའི་སྔོན་ཆད་ཀྱི་འཚོ་བ་དངོས་གནས་དཀའ་ཚེགས་ཆེན་པོ་ཡོད། འོན་ཀྱང་ཏང་དང་སྲིད་གཞུང་གི་རོགས་རམ་འོག་ང་ཚོ་ཁང་པ་གསར་པར་སྡོད་རྒྱུ་བྱུང་ལ་རྩལ་ནུས་སྦྱངས་ནས་དབུལ་སྒྲོལ་ཡང་ཐུབ་བྱུང”ཞེས་ནག་ཆུ་གྲོང་ཁྱེར་ནག་ཆུ་གྲོང་རྡལ་འོ་མ་དེང་དགེ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་ནས་ཡིན་པའི་ཉི་མ་ལྷག་རྒྱལ་གྱིས་བརྗོད།

མངའ་རིས་ས་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཀྲའེ་མིན་ཆིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མའོ་ནན་རིགས་ཀྱི་མི་རིགས་ཧྲིལ་པོ་དབུལ་སྒྲོལ་བྱུང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་བ་ལས། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་ལ་བཞག་པའི“ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་མི་རིགས་གཅིག་ཀྱང་ལུས་མི་རུང་བའི”རྔམ་བརྗིད་ལྡན་པའི་དམ་བཅའ་གང་ལེགས་མངོན་ཡོད་ཅིང་། མིག་སྔར་དབུལ་སྒྲོལ་འགག་སྒྲོལ་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། དྲིལ་བསྒྲགས་འཐབ་ཕྱོགས་ཀྱི་ལས་བྱེད་པ་ཞིག་གི་ངོས་ནས་ང་ཚོས་ངེས་པར་དུ་རང་འཁྲིའི་ལས་དོན་ལ་གཞིས་ཚུགས་ཏེ་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་ནས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་སྒྲ་མངའ་རིས་ཡོངས་སུ་གྲགས་པ་དང་མི་སེམས་ལ་ཟུག་པར་བྱེད་ཀྱི་ཡིན་ཞེས་བརྗོད།

(ཉི་དོན་དང་པད་ཆོས་ཀྱིས་སྒྱུར་ཞུས་བྱས)