《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月19日

དམག་འཐབ་ཆེ་མོ་དང་ཚོད་བགམ་ཆེ་མོའི་ཁྲོད་ཀྱི་བོད་ཀྱི་འབད་འཐབ་གྲུབ་འབྲས།

འདི་ནི་སྤྱིར་བཏང་མིན་པའི་དཔྱིད་ཀ་ཞིག་རེད། དེ་ཡང་མི་རིགས་ཀྱི་སྤོབས་སེམས་དང་། གདེང་ཚོད་ཀྱི་བསམ་པ། གོང་བུ་འགྲིལ་ཤུགས་བཅས་ཆེས་ཆེར་འཕེལ་བའི་དཔྱིད་ཀ་ཞིག་རེད། དེ་ནི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བ་སོགས་སྔར་བྱུང་མྱོང་མེད་པའི་འགྲན་སློང་གི་གནོན་ཤུགས་དང་། ལས་འགན་གལ་ཆེན། ལྷུ་ཚིགས་གལ་ཆེན་བཅས་ཀྱི་ལས་དོན་གཅིག་རྗེས་གཉིས་མཐུད་དུ་ཐོན་པའི་དུས་ཤིག་རེད། ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་དམག་འཐབ་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱོན་ཡོངས་གཅིག་འདོམས་དང་མཁས་མཛངས་ལྡན་པའི་འཐབ་ཇུས་བཏོན་གནང་བ་དང་། སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་བ། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དུས་ཐུང་ནང་རྒྱལ་ཁ་ཐོབ་རྒྱུར་མཛུབ་ཁྲིད་གནང་བ་བཅས་ལས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། (པར་ངོས་གསུམ་པར་གཟིགས) འདི་ནི་བྲེལ་བརྩོན་ཆེན་པོས་འཛུགས་སྐྲུན་བྱེད་བཞིན་པའི་ལྷོ་ཁ་གྲོང་ཁྱེར་གྱི་རྒྱ་ཚའི་ཆུ་ཤུགས་གློག་ཁང་ཡིན་པ།

(པར་ངོས་དང་པོར་མཐུད)

བར་ཆད་གང་ཞིག་གིས་ཀྱང་ང་ཚོའི་འབད་འཐབ་ཀྱི་སྟོབས་ཤུགས་འགོག་མི་ཐུབ།

དཀའ་ངལ་གང་གིས་ཀྱང་ང་ཚོའི་མདུན་སྐྱོད་ཀྱི་གོམ་སྟབས་འགོག་མི་ཐུབ།

ས་མཐོའི་བུ་ཕྲུག་གིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ནས་སེམས་ནུས་གཅིག་སྒྲིལ་གྱིས་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། དུས་དང་རྣམ་པ་ཀུན་ཏུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་རིག་པ་ལྕགས་སྐུད་བཞིན་དུ་སྒྲིམ་སྟེ་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བྱས་ནས་དམག་འཐབ་ཆེ་མོ་དང་ཚོད་བགམ་ཆེ་མོའི་ཁྲོད་བོད་ཀྱི་འབད་འཐབ་ཀྱི་ལེའུ་བརྩམས་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ་ཕྱི་ནས་ཏོག་གསར་གློ་ཚད་འགོས་མཁན་1ལས་མེད་པ་དང་བསྟུད་མར་ཟླ་གསུམ་ལྷག་ཙམ་རིང་གསར་འཕར་ནད་དཔེ་འམ་ཡང་ན་དོགས་ཡོད་ནད་དཔེ་གཅིག་ཀྱང་ཐོན་མེད་པ་དང་། དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་བྱུང་སྟེ་དུས་ཚིགས་དང་པོར་GDPའཕར་ཚད་དང་། དམངས་ཁྲོད་མ་འཇོག་འཕར་ཚད། གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་བཅས་སྟོན་གྲངས་4རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་ལྷག་པར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དངོས་སུ་འཕར་བའི་རྒྱལ་ཡོངས་ཀྱི་ས་ཁུལ་འབའ་ཞིག་དེ་ཡིན།

དུས་ཚོད་དམ་འཛིན་བྱས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་མགྱོགས་མྱུར་བྱས་པ།

རང་ལྗོངས་ཀྱིས་སྔ་རྗེས་སུ《ཏོག་གསར་གློ་ཚད་རིམས་ནད་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལས་ཀའི་ཇུས་གཞི》དང་། 《ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་བཅག་སྟེ་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱས་ནས་དཔལ་འབྱོར་འཁོར་རྒྱུག་བརྟན་པོ་རྒྱུན་འཁྱོངས་བྱ་རྒྱུའི་སྐོར་གྱི་སྲིད་ཇུས་ཀྱི་བྱ་ཐབས་འགའ་ཞིག》སོགས་སྲིད་ཇུས་ཀྱི་ཡིག་ཆ་བཟོས་ནས་བཏོན་པ་ལས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོའི་མཁོ་སྤྲོད་འགན་ལེན། སྤྱི་ཚོགས་བརྟན་ལྷིང་འགན་ལེན་བཅས་ཀྱི“1+N”གྱི་སྲིད་ཇུས་མ་ལག་ཅིག་ཆགས་པ་མ་ཟད། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་སྒྲིག་སྲོལ་ལམ་སྲོལ་དང་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་ལ་འཕྲལ་སྡོམ་དོ་དམ་བྱེད་པའི་མ་ལག་འཛུགས་པར་སྐུལ་འདེད་ཧུར་ཐག་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། ཁྱོན་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་པ་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ལྷོད་གཡེང་མི་གཏོང་བར་ཐོན་སྐྱེད་འཕེལ་རྒྱས་ལ་དམ་འཛིན་ནན་པོ་བྱས་ཡོད། ད་ཆ་ས་མཐོའི་ས་གཞི་ཆེ་མོར་བྲེལ་བརྩོན་ཆེ་བའི་བཟོ་པ་ཚོའི་གཟུགས་བརྙན་མཐོང་རྒྱུ་ཡོད་ཅིང་། ཚང་མས་གཏན་ལ་འཁེལ་བའི་དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་ཏེ་ཕྱོགས་ཡོངས་ནས་ལས་འགོ་འཛུགས་པ་དང་ཐོན་སྐྱེད་ལ་དམ་འཛིན་བྱས་ནས་རིམས་ནད་རིང་འཐུས་ཤོར་སོང་བའི་དུས་ཚོད་བརྩོན་ལེན་ཧུར་ཐག་གིས་རིམས་ནད་ཀྱི་རྐྱེན་པས་ལས་ཀར་ཤུགས་རྐྱེན་ཐེབས་པ་གསབ་བཞིན་ཡོད།

ཟླ་3ཚེས་31ཉིན་བར། ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་129ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་བྱེད་ཚད་89.6%ཟིན་པ་དང་། ལས་གཉེར་མི་སྣ་16242ལས་གནས་སུ་ལོག་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་་ཚད་74.3%ཟིན་པ། བཅད་གྲངས་ཡན་གྱི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་112ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་བྱེད་ཚད་76.7%ཟིན་པ། ལས་གཉེར་མི་སྣ་17673ལས་གནས་སུ་ལོག་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཚད་72.2%ཟིན་པ། བཅད་གྲངས་ཡན་གྱི་སྡེབ་ཚོང་སིལ་ཚོང་ལས་རིགས་ཀྱི་ཁེ་ལས་178ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཚད་99.4%ཟིན་པ། ལས་གཉེར་མི་སྣ་6303ལས་གནས་སུ་ལོག་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཚད་76.1%ཟིན་པ། བཅད་གྲངས་ཡན་གྱི་ཞག་སྡོད་དང་བཟའ་བཏུང་ཁེ་ལས་76ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་བྱེད་ཚད་73.8%ཟིན་པ། ལས་གཉེར་མི་སྣ་2914ལས་གནས་སུ་ལོག་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཚད་44.7%ཟིན་པ་བཅས་རེད།

ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་དུས་མཚུངས། གཙོ་གནད་རྣམ་གྲངས་འབོར་ཆེན་ཞིག་གི་འཛུགས་སྐྲུན་འཕེལ་རིམ་བདེ་བླག་བྱུང་བ་སྟེ། ནག་ཆུ་ནས་ལྷ་ས་བར་དང་ལྷ་ས་ནས་གཞིས་རྩེ་བར་གྱི་གནམ་ཐང་གི་རིམ་མཐོའི་གཞུང་ལམ་དང་། གོང་དཀར་གནམ་ཐང་གི་མཁའ་འགྲུལ་ས་ཚིགས་བསྐྱར་སྐྲུན་རྒྱས་སྐྲུན། མངའ་རིས་ཀྱི་གློག་དྲ་དང་བོད་དབུས་ཀྱི་གློག་དྲ་དྲ་སྦྲེལ་ལས་གྲྭ་སོགས་རྣམ་གྲངས་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་དུམ་སྐྲུན་མཚམས་འཇོག་མྱོང་མེད་པ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཚང་མ་སྐྲུན་འགོ་ཚུགས་པ་སོགས་རེད།

ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་བ།

2019ལོར། རང་ལྗོངས་ཀྱི་རྫོང(ཆུས)དབུལ་པོ་19དབུལ་ཞྭ་ཕུད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་15དབུལ་སྒྲོལ་ཐུབ་པ། དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་དབུལ་སྒྲོལ་བྱུང་བ་དང་སྤྱི་ཡོངས་ཀྱི་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཉེར་ཡོད་པ་བཅས་ལས་བོད་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལོ་རྒྱུས་ཀྱི་དུས་སྐབས་བསུས་ཡོད།

ཕྱོགས་ཡོངས་ནས་དབུལ་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ལ་རྒྱུན་མཐུད་སྐུལ་འདེད་ཇི་ལྟར་གཏོང་བ་དང་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་གཟེངས་སུ་ཐོན་པ་དང་རྒྱུན་མཐུད་ཐུབ་པ་བྱ་རྒྱུ་དེ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོའི་ལས་འགན་གལ་ཆེན་ནང་བཅུག་ཡོད།

ཚང་མས་ཤེས་གསལ་ལྟར། རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེ་གྲས་ལྔའི་གྲས་ཤིག་ཡིན་པའི་རང་ལྗོངས་ལ་འབྲོག་ལས་དང་སྤུས་ལེགས་དཀར་ཆུའི་ལས་རིགས་སོགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་རྨང་གཞིའི་ཆ་རྐྱེན་བཟང་པོ་ལྡན་མོད། འོན་ཀྱང་དུས་ཡུན་རིང་པོའི་ནང་འཕེལ་རྒྱས་ཀྱི་ཆུ་ཚད་ཅུང་དམའ་བ་དང་། དོ་དམ་གྱི་ཆུ་ཚད་དམའ་བ། ཚན་རྩལ་གྱི་འདེགས་སྐྱོར་མི་འདང་བ། ཕྱོགས་བསྡུས་ཐོན་སྐྱེད་ཀྱི་མ་གནས་མཐོ་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་གནས་ཡོད།

ཐོན་ལས་དར་རྒྱས་ཡོང་བ་བྱ་རྒྱུ་ནི་ཞིང་འབྲོག་ཁུལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་རེད། ཞིང་འབྲོག་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པ་དང་སྒྲུབ་ཐུབ་པ་དང་སྒྲུབ་ཤེས་མཁན་ཐོན་ལས་འཕེལ་རྒྱས་ནང་མཉམ་འདྲེས་ཐུབ་པར་སྐུལ་འདེད་ནུས་ལྡན་གཏོང་ཆེད། འདི་ལོ་ནས་བཟུང་། ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ཚུར་ལན་གནད་དོན་དག་ཐེར་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོས་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་བར་ཕེབས་ནས་ཐོན་ལས་འཕེལ་རྒྱས་ཀྱི་དཀའ་གནད་འདྲི་བ་དང་དུས་མཚུངས། ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་བོད་ལུག་དང་བོད་ཕག་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཆེད་མངགས་བཀོད་སྒྲིག་ཀྱང་གནང་བ་རེད།

དམིགས་སའི་རང་བཞིན་གྱི་བཀའ་རྒྱ་རེ་རེ་བཞིན་བཏོན་པ་དང་ཆབས་ཅིག་རང་ལྗོངས་ཀྱི“སྲོལ་རྒྱུན་གྱི་འབྲོག་ལས་སྒྱུར་བཀོད་བྱས་ནས་དེང་རབས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བའི”སྐུལ་སློང་གི་དུང་བརྡ་ཕྱོགས་ཡོངས་ནས་གཏོང་འགོ་ཚུགས་ཡོད།

“ད་ཆ་ཨ་དབང་ལུག་གི་སྐད་གྲགས་ཇེ་ཆེར་འགྲོ་བ་དང་བསྟུན་ནས་གྲོང་ཚོར་ཨ་དབང་ལུག་གསོ་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད”ཅེས་གོ་འཇོ་རྫོང་ཨ་དབང་ཤང་གི་ལུག་གསོ་ཚགས་དུད་ཆེན་རྡོ་མགོན་གྱིས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཆ་གོ་འཇོ་རྫོང་དུ་ཨ་དབང་ལུག་གསོ་ཚགས་བྱེད་ཚད་ཁྲི་4.2ཟིན་པ་དང་2025ལོར་སླེབས་སྐབས་རྫོང་ཡོངས་ཀྱི་ཨ་དབང་ལུག་གསོ་ཚགས་བྱེད་ཚད་སྔོན་རྩིས་བྱས་ན་ཁྲི་13ཟིན་རྒྱུ་རེད།

ཨ་དབང་ལུག་གསོ་ཚགས་ཐོན་ལས་དང་འདྲ་བར་རང་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་ལྗང་མདོག་ཅན་དང་། གཞི་ཁྱོན་ཅན། སྤུས་ལེགས་ཅན། སྤུས་རྟགས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད།

དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་ད་དུང་གཙོ་འགན་འཁུར་མཁན་སྐུ་ངོ་མས་ལས་དོན་ལ་དམ་འཛིན་བྱེད་པའི་ལམ་སྲོལ་བཙུགས་ཡོད། ལས་ཞུགས་གཞན་སྒྱུར་དེ་དཔྱད་ཞིབ་ཀྱི་སྒྲུབ་དགོས་ངེས་ཀྱི་དམིགས་ཚད་ཅིག་ཏུ་འགྱུར་བར་བྱས་ཏེ་ལྟ་སྐུལ་དཔྱད་ཞིབ་དང་རྗེས་སྙེགས་ཀྱིས་ཕན་འབྲས་ཆེར་གཏོང་ལ་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་ཏན་ཏིག་ངང་སྤེལ་ཡོད། འདི་ལོའི་དུས་ཚིགས་དང་པོར་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2.95%ནང་ཚུན་དུ་ཚོད་འཛིན་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་བརྟག་དཔྱད་བྱེད་ཚད་5.4%ནང་ཚུན་དུ་ཚོད་འཛིན་ཐུབ་པ། ཞིང་འབྲོག་པ་ཁྲི་0.7ལ་རྩལ་ནུས་གསོ་སྦྱོང་བྱས་པ། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་ཁྲི་5.8གཞན་སྒྱུར་བྱས་པ། ལས་ཞུགས་གཞན་སྒྱུར་གྱི་ཡོང་འབབ་སྒོར་དུང་ཕྱུར་2.4བྱུང་ཡོད། དྲ་ཐོག་ཚོང་དོན་ཁོ་ནས་མི་གྲངས་ཁྲི་12.48ལ་ལས་ཞུགས་སྐུལ་ཁྲིད་ཐུབ་པའི་ཁྲོད་མི་ཁྲི་6.51ལ་ཐད་ཀར་སྐུལ་ཁྲིད་ཐུབ་པ་དང་མི་ཁྲི་5.98ལ་གཞན་བརྒྱུད་སྐུལ་ཁྲིད་བྱས་ཡོད།

ཡིད་ཆེས་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་སྔར་བས་བརྟན་དུ་བཏང་བ།

“ང་ཚོས་རིམས་ནད་ལས་རྣམ་པར་རྒྱལ་བ་དང་། དུས་ཐུང་གི་དཀའ་ངལ་ཁྱད་བསད་བྱེད་པ། འབྱུང་འགྱུར་འཕེལ་རྒྱས་ཡོང་བ་བཅས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད”ཅེས་འདི་ལོ་རང་སྐྱོང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་དེ་བཞིན་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་གྱི་བཞུགས་མོལ་ཚོགས་འདུའི་ཐོག་ཚོགས་ཞུགས་དམངས་གཉེར་ཁེ་ལས་དང་། ཚོང་ཚོགས། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས། གཉིས་གཏོད་ཁེ་ལས་བཅས་ཀྱི་འགན་འཁུར་བས་མགྲིན་གཅིག་ཏུ་བཤད།

ས་ཆ་གང་ཞིག་གི་དམངས་གཉེར་ཁེ་ལས་གཉེར་སྐྱོང་ཡག་པོ་བྱུང་ཚེ་དེ་གའི་དཔལ་འབྱོར་ལ་གསོན་ཤུགས་རྒྱས་ཐུབ། ཟླ་3པའི་ཟླ་མཇུག་བར་ལྗོངས་ཡོངས་སུ་ཁྲོམ་རའི་བྱེད་པོ་དུད་ཚང་ཁྲི་33.1ཡོད་པ་དེ་དུས་མཚུངས་ལས་14.9%འཕར་བ་དང་དམངས་ཁྲོད་ཀྱི་མ་འཇོག་བྱེད་ཚད་དུས་མཚུངས་ལས་21.5%འཕར་ཡོད།

རིམས་ནད་ཀྱི་ལྡོག་སྐུལ་དང་དཔལ་འབྱོར་ཆག་པའི་གནོན་ཤུགས་ཇེ་ཆེར་འགྲོ་བའི་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ། རང་ལྗོངས་སུ་ཁྲོམ་རའི་བྱེད་པོ་མང་དུ་ཕྱིན་པ་དང་དམངས་གཉེར་ཁེ་ལས་ཀྱིས་གཏོང་ཆ་གཏོང་ཤུགས་མང་དུ་གཏོང་བའི་ཡིད་ཆེས་དང་ངེས་ཤུགས་གང་ནས་བྱུང་བ་ཡིན་ནམ།

ཡིད་ཆེས་དང་ངེས་ཤུགས་ནི་ཡུན་རིང་ཟབ་གཏོད་བྱས་པའི་རྩ་བའི་རྨང་གཞི་ལས་བྱུང་བ་སྟེ། 2019ལོར། རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་བབ་ཡག་པོ་ཡོད་པ་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡིན་པ། མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་99.7%ཟིན་ནས་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། ནང་སྐྱེས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་ཧུར་ཐག་བཏང་བ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ“དྲ་སྦྲེལ་+སྲིད་དོན་ཞབས་ཞུའི”“9070”ཡི་དམིགས་ཚད་ཚད་བརྒལ་ངང་ལེགས་གྲུབ་བྱུང་བ་དང་། གྲངས་གཞི་མཛོད་འཇུག་གི་བསྡོམས་འབོར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་པ་དང་ཁེ་ལས་གཉེར་བའི་དུས་ཚོད་དེ་ལས་ཀའི་ཉིན་མོ་5བར་ཐུང་དུ་བཏང་བ། ཁེ་ལས་ཀྱི་ཁེ་དབང་སྲུང་སྐྱོབ་བྱ་ཐབས་བཏོན་པ་སོགས་བྱས་ཡོད།

ཡིད་ཆེས་དང་ངེས་ཤུགས་ནི་རིམས་ནད་ལ་ཁ་གཏད་གཅོག་པའི་སྲིད་ཇུས་ནུས་ལྡན་ལས་བྱུང་བ་སྟེ། རང་ལྗོངས་ཀྱིས་དུས་ཐོག་ཏུ་སྲིད་ཇུས་བཏོན་ནས་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲལ་གཅོག་སྲིད་ཇུས་དོན་འཁྱོལ་བྱེད་པ། དངུལ་རྩའི་སྲིད་ཇུས་དོན་འཁྱོལ་བྱེད་པ། འགན་བཅོལ་གྱི་ཞབས་ཞུ་ལེགས་སུ་གཏོང་བ། ཁག་ཐེག་གི་ཞབས་ཞུ་ལེགས་སུ་གཏོང་བ། སྤྱི་ཚོགས་འགན་བཅོལ་གྱི་སྲིད་ཇུས་ལེགས་སྒྲིག་འོས་འཚམ་བྱེད་པ། ཁེ་ལས་ཚོང་དུད་ཀྱི་བོགས་དངུལ་གཅོག་པ་དང་རྩ་ཆག་གཏོང་བ། ཆུ་རིན་དང་། གློག་རིན། རླངས་རིན་བཅས་སྤྲོད་རྒྱུ་ནར་འགྱངས་བྱེད་པ་སོགས་བྱས་ཡོད།

ཡིད་ཆེས་ནི་རླུང་གཡོར་དང་། ངེས་ཤུགས་ནི་གྲུ་གནོན་རྡོ་ལྟ་བུ་ཡིན། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ལ་དབྱེ་ཞིབ་བྱེད་སྐབས“རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡུན་རིང་ལེགས་ཕྱོགས་སུ་འགྲོ་བའི་གཞི་རྩའི་རྣམ་པར་འགྱུར་ལྡོག་བྱུང་མེད། རིམས་ནད་ལས་བྱུང་བའི་རྡབ་རྡེག་དང་ཤུགས་རྐྱེན་ནི་དུས་མཚམས་རང་བཞིན་ཡིན་པ་དང་། དཔལ་འབྱོར་འཁོར་རྒྱུག་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བའི་རྣམ་པ་ནི་མངོན་གསལ་དོད་པ་ཞིག་རེད། དཀའ་ངལ་དང་། ཉེན་ཁ། ངེས་གཏན་མེད་པའི་རང་བཞིན་བཅས་ལ་ཚོད་དཔག་གང་ལེགས་ཀྱིས་སྤྱོད་གོ་ཆོད་པའི་བྱེད་ཐབས་སྤྱད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འཕྱུགས་པ་གཏན་ནས་མི་ཡོང་བ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཚེ་རང་ལྗོངས་ཀྱི་དུས་ཚིགས་གཉིས་པའི་དཔལ་འབྱོར་དེ་བས་འཕེལ་ཁ་བཟང་པོ་བྱུང་ནས་ལོ་སྨད་དུ་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་རྒྱུ་རེད།

(སྐལ་མཆོག་དང་བདེ་སྐྱིད་ཀྱིས་སྒྱུར་ཞུས་བྱས)