《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月19日

རྒྱལ་ཁབ་མར་སུན་རུ་ཁག(བོད་ལྗོངས་ཚོགས་ཆུང)གི་ལམ་ཕྱེད་མར་སུན་ཚོད་ལྟའི་འགྲན་བསྡུར་ཉིང་ཁྲིར་གཉེར་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་16ཉིན། རྒྱལ་ཁབ་མར་སུན་རུ་ཁག(བོད་ལྗོངས་ཚོགས་ཆུང)གི་ལམ་ཕྱེད་མར་སུན་ཚོད་ལྟའི་འགྲན་བསྡུར(འཕྲིན་གཏོང་འགྲན་བསྡུར)ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཡིད་འོང་ཤང་དུ་གཉེར་བ་དང་འབྲེལ། རྒྱལ་ཁབ་མར་སུན་རྣམ་གྲངས་ཀྱི་ཚོད་ལྟའི་འགྲན་བསྡུར་གྱི་གཞུང་ཕྱོགས་གོ་རིམ“ཆན་ལུས་རྩལ”དྲ་རྒྱའི་ལས་སྟེགས་ཐོག་བརྒྱུད་རིམ་ཧྲིལ་པོ་ཐད་གཏོང་བྱས་པ་རེད།

ད་ཐེངས་ཀྱི་འགྲན་བསྡུར་ལ་ཀྲུང་གོ་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱི་འབྲེལ་ཡོད་འགྲན་བསྡུར་གྱི་སྒྲིག་སྲོལ་ལ་ནན་པོར་གཞིགས་ནས། ལམ་ཕྱེད་མར་སུན་འགྲན་བསྡུར་དང་སྤྱི་ལེ་5ཡི་འགྲན་བསྡུར་གྱི་རྣམ་གྲངས་གཉིས་སོ་སོར་ཚོད་ལྟ་བྱས་པ་དང་། ཁྱོན་ལུས་རྩལ་བ་36འགྲན་བསྡུར་ལ་ཞུགས་ཡོད། དེའི་ནང་ལམ་ཕྱེད་མར་སུན་འགྲན་བསྡུར་ལ་ཞུགས་མཁན་མི་22དང་སྤྱི་ལེ་5ཡི་འགྲན་བསྡུར་ལ་ཞུགས་མཁན་མི་14ཡོད་པ་རེད།

འགྲན་རྩོད་དྲག་པོ་བྱས་པ་བརྒྱུད། སྟོབས་རྒྱལ་དང་། བསོད་ནམས་ཚེ་རིང་། མི་འགྱུར་ཉི་མ་བཅས་ལ་ལམ་ཕྱེད་མར་སུན་འགྲན་བསྡུར་གྱི་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་ནས་གསུམ་པའི་བར་ཐོབ་པ་དང་། ཚེ་རིང་མཚོ་མོ་དང་། སྤེན་ཕན། ཟླ་བ་སྐྱིད་ལགས་བཅས་ལ་ལམ་ཕྱེད་མར་སུན་འགྲན་བསྡུར་གྱི་བུད་མེད་ཚོགས་ཆུང་གི་ཨང་དང་པོ་ནས་གསུམ་པའི་བར་ཐོབ་པ་རེད། བསྟན་འཛིན་དབང་ཕྱུག་དང་། ལྷག་པ་ཚེ་རིང་། ཐོན་བུ་བཀྲ་ཤིས་བཅས་ལ་སྤྱི་ལེ་5ཡི་འགྲན་བསྡུར་གྱི་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་ནས་གསུམ་པའི་བར་ཐོབ་པ་དང་། བཀྲ་ཤིས་ཚེ་མཚོ་དང་། གཡང་འཛོམས་ལྷ་མོ། ཕུར་བུ་སྒྲོལ་མ་བཅས་ལ་སྤྱི་ལེ་5ཡི་འགྲན་བསྡུར་གྱི་བུད་མེད་ཚོགས་ཆུང་གི་ཨང་དང་པོ་ནས་གསུམ་པའི་བར་ཐོབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འཕྲིན་གཏོང་འགྲན་བསྡུར་ནི་རྣམ་པ་གསར་པའི་དྲ་ཐོག་འགྲན་བསྡུར་ཞིག་ཡིན་ཞིང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་རྐྱེན་གྱིས་འགྲན་བསྡུར་ཁག་གཅིག་རྒྱུན་གཏན་ལྟར་གཉེར་ཐབས་བྲལ་བས། འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་དུ་འཕྲིན་གཏོང་སྒྲིག་ཆས་སྤྱད་དེ་ས་གནས་མི་འདྲ་བའི་འགྲན་ཞུགས་ཚན་པར། འགྲན་བསྡུར་གྱི་སྒྲིག་སྲོལ་གཞིར་བཟུང་གནས་དེ་གར་ལུས་རྩལ་པའི་སྐར་གྲངས་རྩིས་བརྒྱབ་ནས་འཕྲིན་གཏོང(ཐད་གཏོང)གི་བྱ་ཐབས་ལ་བརྟེན་ནས་གཙོ་གཉེར་སྒྲིག་གཞིར་བང་རིམ་གཏན་འཁེལ་བྱེད་པར་གོང་ཞུ་བྱེད་ཅིང་། འགྲན་བསྡུར་དེ་དུས་ཚོད་དང་། བར་ཐག ལྗིད་ཚད་སོགས་ཀྱི་དོན་དངོས་ཚད་གཞིར་བརྟེན་ནས་སྐར་གྲངས་གཏན་འབེབས་བྱེད་པའི་རྣམ་གྲངས་ལ་སྤྱད་ན་འཚམ་པོ་ཡོད་པ་རེད།

(དཀོན་སྒྲོལ་གྱིས་བསྒྱུར། པ་ཚེས་ཞུས)