《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月19日

ཞིང་བྲན་གྱི་བུ་མོ་ནས་མི་དམངས་ཀྱི་མགྲིན་ཚབ་པའི་བར།

—— རྒྱལ་ཡོངས་མི་དམངས་འཐུས་ཚོཌ་ཀྱི་འཐུས་མི་སྐལ་བཟང་སྒྲོལ་དཀར་གྱི་འགན་སྒྲུབ་ལམ་བུ།

ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པའི་སྡེ་ཁུལ་གྱི་སྒོ་རའི་ནང་གྲོང་མི་བསོད་ནམས་ཚེ་རིང་གིས“ཁྲོམ་ནས་ཅ་ལག་མང་པོ་ཉོས་པ་ཡིན། འོན་ཀྱང་ཁང་པ་ཆུང་དྲགས་པས་འཇོག་ས་མི་འདུག”ཅེས་གད་མོ་སློང་གིན་བཤད། མང་ཚོགས་ཀྱིས་སྡོད་ཁང་གི་གནད་དོན་འདོན་སྐབས། ཚང་མས་འབོད་པའི་ཨ་ཅག་སྐལ་བཟང་གིས་ཉན་ཞོར་ཟིན་བྲིས་བརྒྱབ་པ་མ་ཟད། སྐད་ཆ་ཡང་སེ་དྲིས་ནས་གནད་དོན་ཐག་གཅོད་བྱེད་ཐབས་གྲོས་བསྡུར་བྱས། ཉིན་འགའ་ཤས་བཅར་འདྲི་བྱས་པ་བརྒྱུད་ཁོང་གིས་མང་ཚོགས་ལ་འཕྲད་པའི་འཚོ་བའི་དཀའ་ངལ་སྐོར་ཟིན་བྲིས་དེབ་ཕྱེད་ཀ་ཙམ་བཀོད་ཡོད།

ཨ་ཅག་སྐལ་བཟང་ཞེས་པ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དར་དམར་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་རེད། “ང་ནི་དར་དམར་འོག་འཚར་ལོངས་བྱུང་བ་ཞིག་ཡིན། ང་ཚོ་གཅེན་གཅུང་བདུན་པོ་ཚང་མ་སློབ་གྲྭར་འགྲོ་མྱོང་ཡོད། གཅུང་པོ་དང་གཅུང་མོ་གཉིས་ད་ཆ་དགེ་རྒན་རེད། འོན་ཀྱང་ང་རང་གི་ཕ་མ་གཉིས་པོ་ཁྲལ་པ་ཡིན་པས་ཞིང་བྲན་གྱི་བདག་པོར་ཁྲལ་དང་འུ་ལག་རྒྱུག་དགོས་པར་བརྟེན། སློབ་གྲྭར་འགྲོ་རྒྱུ་ལྟ་ཞོག་གོས་ཀྱིས་ལུས་པོ་མི་དྲོས་ལ་ལྟོས་གྲོད་པའང་རྒྱགས་ཀྱི་མེད”ཅེས་སྐལ་བཟང་སྒྲོལ་དཀར་གྱིས་བཤད།

ད་ཆ་སྐལ་བཟང་སྒྲོལ་དཀར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པ་མ་ཟད། ད་དུང་དར་དམར་གྲོང་ཚོའི་སྣེ་ཁྲིད་ནས་ཕྱུག་འགྱུར་ལམ་དུའང་བསྐྱོད་ཅིང་། 2019ལོར་གྲོང་ཚོ་ཡོངས་ཀྱི་མི་རེར་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.6བྱུང་ཡོད། “སླད་ཕྱིན་ང་ཚོས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བགོ་འགྲེམས་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཚད་གཞི་དེ་བས་མཐོ་བའི་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་པ་བྱ་རྒྱུ་ཡིན”ཞེས་ཁོང་གིས་བཤད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

1979ལོར་ལས་ཀར་ཞུགས་པ་ནས་2008ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་ཐེངས་དང་པོ་བདམས་པའི་བར་དང་། དེ་ནས་སྐབས་གསུམ་བསྟུད་མར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁུར་བའི་བར། དེ་ནི་སྐལ་བཟང་སྒྲོལ་དཀར་གྱི་ངོས་ནས་བརྗོད་ན་གཟི་བརྗིད་ཅིག་རེད་ལ་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཀྱང་རེད། རང་འགན་གཙང་སྒྲུབ་སྔར་བས་ཡག་པོ་བྱ་ཆེད། ཁོང་གིས་འབད་པ་ལྷུར་ལེན་གྱིས་སྲིད་ཇུས་ལ་བརྩོན་ཞིབ་དང་། གཞི་རིམ་དུ་བསྐྱོད་དེ་མང་ཚོགས་ཀྱི་བསམ་ཚུལ་དངོས་ཤེས་རྟོགས་བྱས་པ་མ་ཟད། སྲིད་གཞུང་སྡེ་ཚན་ལའང་དེའི་སྐོར་སྙན་སེང་ཞུས་པ་རེད།

“ལོ་དེ་དག་ནང་ངས་བཏོན་པའི་གྲོས་འགོ་ཚང་མར་བརྡ་ལན་འབྱོར་བ་མ་ཟད། གྲོས་འགོ་འགའ་ཞིག་གིས་ད་དུང་གནད་དོན་ཐག་གཅོད་བྱེད་པར་སྐུལ་མའང་ཐེབས་སོང”སྐལ་བཟང་སྒྲོལ་དཀར་གྱིས། ངས་བཏོན་པའི་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྨན་བཅོས་འགན་བཅོལ་གྱི་སྨན་རིན་རྩིས་ཞུའི་ཁྱབ་ཁོངས་ནང་འཇུག་རྒྱུ་སོགས་ཀྱི་གྲོས་འགོ་ཚང་མ་དང་ལེན་བྱས་སོང་ཞེས་ངོ་སྤྲོད་བྱས། “ཞིང་འབྲོག་པའི་སྨན་རིན་རྩིས་ཞུའི་རེ་འདོད་འགྲུབ་པ་དང་གནད་དོན་ཐག་གཅོད་ཐུབ་པ་དེ་ཐོག་ནས་ང་ཚོ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ལས་དོན་སྒྲུབ་ཀྱི་ཡོད་པ་དང་རང་ཉིད་ཀྱི་འགན་སྒྲུབ་ལ་ཕན་འབྲས་ཐོན་པ་མཚོན་གྱི་ཡོད”ཅེས་ཁོང་གིས་བཤད།

“ང་ནི་མང་ཚོགས་ཀྱིས་རིམ་པ་བཞིན་བདམས་པའི་འཐུས་མི་ཞིག་ཡིན་པས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་མང་ཚོགས་ཀྱི་མགྲིན་ཚབ་པ་བྱེད་དགོས”སྐལ་བཟང་སྒྲོལ་དཀར་གྱིས། ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་འཕེལ་རྒྱས་སོང་བ་དང་བསྟུན་ནས་ལྷ་སའི་གྲོང་ཁུལ་ནང་གི་རང་སྐྲུན་སྡོད་ཁང་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། གྲོང་ཁུལ་རྙིང་པའི་གྲོང་མི་ཁ་ཤས་སྨི་ངོས་གྲུ་བཅུ་གྲངས་ཀྱི་ཁང་ཆུང་ནང་སྡོད་པ་ནི་གྲོང་ཁྱེར་དང་གྲོང་རྡལ་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ཞན་ཆ་ཞིག་རེད། དེས་ན་འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག ངས་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྡོད་ཁང་གི་ཚད་གཞིའི་སྲིད་ཇུས་ལེགས་སྒྲིག་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་མཐོར་གཏོང་སོགས་ཀྱི་ཐད་གྲོས་འགོ་འདོན་རྩིས་ཡོད་ཅེས་ངོ་སྤྲོད་བྱས།

སྐལ་བཟང་སྒྲོལ་དཀར་གྱིས་དེ་སྔོན་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པར་ཐེངས་མང་བསྐྱོད་དེ་ཆེད་དོན་བརྟག་ཞིབ་བྱས་པ་དང་། ཁྲེང་ཀོན་ཆུས་ཀྱི་མི་དམངས་འཐུས་ཚོགས་ཐོག་ཆེད་མངགས་གཞི་རིམ་གྱི་འཐུས་མིའི་གྲོས་འགོ་ཉན་པ་མ་ཟད། འདི་ལོའི་ཟླ་2པར་ཆེད་མངགས་ལྷ་ས་གྲོང་ཁྱེར་གྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་སུ་སྡོད་ཁང་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་ཤེས་རྟོགས་བྱེད་པར་ཡང་བསྐྱོད་པ་རེད། “འདི་ལོ་ངས་མུ་མཐུད་དེ་བས་འཐུས་སྒོ་ཚང་བའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྡོད་ཁང་གི་གཏན་འབེབས་བཟོ་རྒྱུའི་འབོད་སྐུལ་བྱས་ཏེ། ཡོང་འབབ་དམའ་བའི་ཁྱིམ་ཚང་གི་འཚོ་བ་སྔར་བས་ལེགས་སུ་འགྲོ་བ་བྱ་རྒྱུ་ཡིན”ཞེས་སྐལ་བཟང་སྒྲོལ་དཀར་གྱིས་བཤད།

ལོ་དེ་དག་ནང་ང་རང་ལ་བོད་འཕེལ་རྒྱས་མྱུར་པོ་སོང་བའི་ཚོར་སྣང་ཟབ་མོ་བྱུང་། ད་ཆའི་བོད་ལྗོངས་སྔར་བས་སྒོ་དབྱེ་དང་། བསྟུན་མཁས། རང་ཡིད་རང་ཆེས་བཅས་ཡོད་པས་མི་རིགས་ཁག་གི་མང་ཚོགས་རྣམས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཕྱུག་ཡོད་ཅེས་ལྷུག་པོར་བཤད།