《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月18日

“ལམ་གཉིས་ཀྱི་སྙིང་སྟོབས”ལས་འབད་འཐབ་ཀྱི་ལམ་བུར་འོད་ཟེར་འཕྲོས།

—— བོད་ཀྱི་འགྲིམ་འགྲུལ་བ་དབང་རྒྱལ་ཚེ་རིང་གི་སྐོར་བཀོད་པ།

དབང་རྒྱལ་ཚེ་རིང་སྔོན་ཆད་མཚོ་བོད་གཞུང་ལམ་དུ་རླངས་འཁོར་བཏང་ནས་ཐེངས་མང་འགྲོ་མྱོང་ལ། སྔོན་བྱོན་པ་ཚོས་མཚོ་བོད་གཞུང་ལམ་བསྐྲུན་པའི་སྐོར་གྱི་འོད་སྟོང་འཕྲོ་བའི་ལས་རྗེས་བཞག་པ་དང་བློས་གཏོང་ཤུགས་ཆེན་བྱས་པའི་སྐོར་གྲངས་ལས་འདས་པ་ཐོས་མྱོང་ཡོད། བོད་ཀྱི་འགྲིམ་འགྲུལ་བ་ཞིག་གི་ངོས་ནས་བསམ་བློ་མང་ཤོས་གཏོང་བ་ནི་ལམ་དེའི་ཆེད་གང་ཞིག་སྒྲུབ་ཐུབ་མིན་དེ་རེད།

2018ལོའི་དཔྱིད་དུས་སུ་དབང་རྒྱལ་ཚེ་རིང་ལ་ཕུགས་འདུན་མངོན་འགྱུར་གྱི་གོ་སྐབས་བཟང་པོ་ཞིག་ཐོབ། རྒྱལ་ལམ་109ཡི་ནག་ཆུ་ནས་ལྷ་ས་བར་གྱི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭའི་ནག་ཆུ་ནས་ཡངས་པ་ཅན་དུམ་བུའི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཀྱི་བཀོད་འདོམས་དཔོན་གྱི་བསྐོ་གཞག་ཡི་གེ་འབྱོར་ནས་དབང་རྒྱལ་ཚེ་རིང་ལ་དགའ་སྣང་དང་སེམས་ཁྲལ་ཅིག་ཅར་དུ་སྐྱེས།

བོད་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་ལོ་རྒྱུས་ཐོག་འཛུགས་སྐྲུན་གྱི་དོན་སྙིང་ཆེ་ཤོས་དང་། ས་བབ་མཐོ་ཤོས། རྣམ་གྲངས་རྐྱང་པ་འཛུགས་སྐྲུན་གྱི་ལམ་ཚད་རིང་ཤོས། རྣམ་གྲངས་ཀྱི་མ་དངུལ་མང་ཤོས། ལག་རྩལ་གྱི་དཀའ་ཚད་ཆེ་ཤོས་བཅས་ཀྱི་རྣམ་གྲངས་ལ་བཀོད་འདོམས་དཔོན་གྱི་ལས་འགན་འཁུར་དགོས་པས་སྔོན་བྱོན་དཔའ་བོ་གྲངས་ལས་འདས་པས་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་བསྐྲུན་པའི་མཚོ་བོད་གཞུང་ལམ་དེ་དེང་རབས་ཅན་དུ་སྒྱུར་བཀོད་བྱེད་དགོས་ལ། ནོར་འཁྲུལ་ཕྲན་བུ་ཙམ་ཡང་ཤོར་མི་རུང་བའི་དཀའ་ཚད་ནི་བསམ་བློ་བཏང་བ་ཙམ་གྱིས་ཤེས་ཐུབ།

དབང་རྒྱལ་ཚེ་རིང་སྐོར་གླེང་ཚེ་ཁོང་ནི་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་རྣམས་དང་འདྲ་བར་ཏང་གི་ཡང་དག་པའི་སྲིད་ཇུས་འོག་འཚར་ལོངས་བྱུང་ཞིང་། ལོ་13ལ་སོན་སྐབས་ཕ་ཡུལ་ནས་བྲལ་ཏེ་ནང་སའི་བོད་ལྗོངས་འཛིན་གྲྭར་སློབ་སྦྱོང་ལ་བསྐྱོད། 2000ལོར་ཁོང་ཧུའུ་ཧོ་ཧའོ་ཐེ་འགྲིམ་འགྲུལ་སློབ་གྲྭ་ནས་ཐོན་པ་དང་། སྨན་གླིང་གཞུང་ལམ་བདག་སྐྱོང་དུམ་བུར་ལས་ཀར་བསྐྱོད། ཉིང་ཁྲིའི་གཞུང་ལམ་དེ་རང་བྱུང་གི་ཆ་རྐྱེན་དབང་གིས་རྟག་ཏུ་རི་ཉིལ་བ་དང་། འདམ་རྡོའི་ཆུ་རུད་རྒྱུག་པ། གངས་རྡིབ་ཤོར་བ་སོགས་ལོ་གཅིག་དུས་བཞིར་གནོད་འཚེ་རྒྱུན་ཆད་མེད་པར་ཐོན་པའི་དབང་གིས་ལས་ཀར་ཞུགས་མ་ཐག་པའི་དབང་རྒྱལ་ཚེ་རིང་སྐབས་ཤིག་རིང་ཡིད་ཐང་ཆད་ནས་ལས་དགོངས་ཞུ་དགོས་སྙམ།

2002ལོར་ཁོང་གིས་ལག་རྩལ་མཛུབ་ཁྲིད་བྱས་པའི་གཞུང་ལམ་ཐོག་མ་བྲག་ཆུ་གྲོང་རྡལ་ནས་བྲག་གསུམ་མཚོར་བསྐྱོད་པའི་ཡུལ་སྐོར་ཆེད་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་སྟེ་ཡུལ་སྐོར་གྱི་རླངས་འཁོར་འགྲོ་འོང་མང་པོ་བྱེད་པ་དང་། ཕ་ཡུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་བ། ཡུལ་མི་ཚོ་རིམ་པས་ཕྱུག་པོ་ཆགས་པ་བཅས་མཐོང་སྐབས་དབང་རྒྱལ་ཚེ་རིང་གི་སེམས་ལ་གྲུབ་འབྲས་ཐོབ་པའི་ཚོར་སྣང་ཟབ་མོ་བྱུང་བ་དང་བསྟུན་གཞུང་ལམ་འཛུགས་སྐྲུན་གྱི་བྱ་གཞག་ལ་བཅངས་པའི་ཆོད་སེམས་བརྟན་པོར་གྱུར་ནས་ལས་གནས་དེར་ལོ་20ཙམ་འབད་འཐབ་བྱས།

ཕྱིས་སུ་སྤུས་ཚད་ལེགས་པའི་དུས་བདེའི་ལམ་ཆེན་དང་ཕྱུག་འགྱུར་ལམ་ཆེན་སོགས་བསྐྲུན་ཆེད། ཁོང་གིས་འབད་བརྩོན་ཆེན་པོས་རང་སྦྱོང་བྱས་ཏེ་སྔ་རྗེས་སུ་ཀོང་ཀྲོའུ་སློབ་ཆེན་དང་ཁྲུང་ཆིང་འགྲིམ་འགྲུལ་སློབ་ཆེན་དུ་མུ་མཐུད་ཟབ་སྦྱོང་ལ་བསྐྱོད།

ཐོག་མའི་ལག་རྩལ་པ་ཞིག་ནས་མངའ་རིས་དང་ནག་ཆུ་ཡུག་ཁུལ་གྱི་གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་ཀྱི་འགན་འཁུར་དོ་དམ་པ་དང་། ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཐོན་སྐྱེད་དོ་དམ་གྱི་འགན་འཁུར་བ། རིམ་པ་མཐོ་བའི་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་གྱི་བཀོད་འདོམས་དཔོན་བཅས་བར་ཁོང་གིས“གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པ་དང་། དཀའ་སྤྱད་འབད་བརྩོན་དང་ལམ་རྡོ་བྱེད་འདོད་པ། དམག་དམངས་ཁྱིམ་ཚང་གཅིག་དང་མི་རིགས་མཐུན་སྒྲིལ”བཅས་ཀྱི“ལམ་གཉིས་ཀྱི་སྙིང་སྟོབས”ཀྱི་ནང་དོན་ཟབ་མོ་རིམ་པས་རྟོགས།

2016ལོའི་ཟླ་4པར་དབང་རྒྱལ་ཚེ་རིང་གིས་གཞིས་རྩེ་གྲོང་ཁྱེར་ཞི་བདེ་གནམ་ཐང་གི་ཆེད་སྤྱོད་གཞུང་ལམ་བསྐྱར་སྐྲུན་ལས་གྲྭའི་བཀོད་འདོམས་དཔོན་གྱི་འགན་འཁུར་བ་དེ་ནི་ཁོང་གིས་བཀོད་འདོམས་དཔོན་གྱི་འགན་འཁུར་བའི་རྣམ་གྲངས་ཨང་དང་པོ་དེ་ཡིན་པས། འགན་འཁྲི་ཧ་ཅང་ལྕི་བའི་ཚོར་སྣང་དྲག་པོ་བྱུང་ནས་སྤུས་འབོར་གཉིས་ལྡན་ངང་དུས་བཀག་ལྟར་རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགན་ལེགས་གྲུབ་ཡོང་བ་དང་རླངས་འཁོར་ཤར་གཏོང་གི་དམིགས་ཚད་སྔ་ཙམ་མངོན་འགྱུར་ཡོང་ཆེད་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་གི་ཟླ་15ཡི་རིང་ཁོང་གིས་རྣམ་གྲངས་གཙོ་བོར་བརྩི་བ་དང་ལས་ཡུལ་ཁྱིམ་དུ་བརྩིས་ནས་ཚོགས་པའི་སྣེ་འཁྲིད་དེ་གྲང་ངར་རླུང་འཚུབ་ཀྱི་ཁྲོད་དུ་བཟའ་བཏུང་བྱེད་པ་མ་ཟད། དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་པས་རླངས་འཁོར་ཤར་གཏོང་ཐུབ་ནས“བདེ་འཇགས་ལས་འཛོལ་གཅིག་ཀྱང་ཐོན་མེད་པ་དང་།ཐེར་འདོན་གོང་ཞུའི་གནས་ཚུལ་གཅིག་ཀྱང་ཐོན་མེད་པ། ཁོར་ཡུག་སྦགས་བཙོག་བྱུང་མེད་པ། ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བྱས་མེད་པ”སོགས་འཛུགས་སྐྲུན་གྱི་དམིགས་ཚད་མངོན་འགྱུར་བྱུང་བ་རེད།

ཁོང་གིས་རྟག་ཏུ“ངའི་ལས་ཀ་དེ་རྒྱ་ཆེའི་མང་ཚོགས་ཀྱི་འགྲོ་འོང་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད་པས་ཧོལ་རྒྱུཌ་གཏན་ནས་གཏོང་མི་རུང”ཞེས་བརྗོད་ཀྱི་ཡོད།

ཁོང་གི་ལས་ཀའི་འགན་འཁུར་རྣམ་འགྱུར་ནན་པའི་དབང་གིས་ཁོང་ལ་རྩིས་སྤྲད་པའི་ལས་གྲྭ་དང་། རྣམ་གྲངས། འགྲན་སློང་བཅས་གཅིག་གི་རྗེས་ལ་གཅིག་མཐུད་པ་བཞིན་ཡོད།

2017ལོའི་ཟླ་5པར་ཁོང་ས་བབ་སྨི་4000ཟིན་པའི་ལས་ཡུལ་དུ་ལས་ཀ་བྱེད་བཞིན་པའི་སྐབས་གློ་བུར་དུ་ཁྱིམ་མིས་གྱོས་པོའི་ནད་གཞི་ཛ་དྲག་པོ་ཡོད་པས་མྱུར་དུ་ཕྱིར་ལོག་དགོས་པའི་ཁ་པར་ཞིག་འབྱོར། འོན་ཀྱང་ལས་གྲྭའི་ལས་འགན་ཛ་དྲག་ཅིང་འགག་སྒྲོལ་གྱི་དུས་དང་འཁེལ་བས་ཁོང་གིས་སེམས་སྡུག་བཟོད་བསྲན་ངང་གྱོས་པོར་བཅངས་པའི་གདུང་སེམས་དེ་ལས་ཀའི་སྒུལ་ཤུཌ་སུ་འགྱུར་བ་བྱས།

ལོ་19ཡི་རིང་ཁོང་གིས་བོད་ཀྱི་གཞུང་ལམ་འཛུགས་སྐྲུན་ཆེད་རང་ཉིད་ཀྱི་ལང་ཚོ་སྐྱེས་སུ་ཕུལ་ནས་རྟག་ཏུ་ས་ཆ་གཞན་དུ་བསྡད་དེ་ལས་ཡུལ་རང་ཁྱིམ་དུ་བརྩི་བ་དང“ལམ་གཉིས་ཀྱི་སྙིང་སྟོབས”ལ་བརྟེན་ནས་རང་ངོས་ལ་ལྕག་སྐུལ་གཏོང་བཞིན་ཡོད། རང་ངོས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན་བྱེད་པའི་ནང་དོན་ལག་ལེན་བསྟར་བཞིན་ཡོད།

(བདེ་སྐྱིད་སྒྲོལ་དཀར་གྱིས་བསྒྱུར། བདེ་སྒྲོལ་དང་བསོད་དཔའ་ཡིས་ཞུས)