《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月18日

ཏིང་ཡེ་ཤན་གྱིས་ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་15ཉིན་གནས་ཚུལ་འབྱོར་གསལ། ཚེས་14ཉིན་ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་ནས་རང་ལྗོངས་ཀྱི་རིག་དངོས་དང་དཔེ་རྙིང་ཚད་ལྡན་ཡིག་ཆ་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ལས་དོན་ལ་སྐུལ་འདེད་བཏང་ཚུལ་སྙན་སེང་གསན་ནས་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཕོ་བྲང་པོ་ཏ་ལའི་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཚོགས་འདུར་ཕེབས་ཡོད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཏིང་ཡེ་ཤན་གྱིས། བོད་ཡིག་གི་དཔེ་རྙིང་ཚད་ལྡན་ཡིག་ཆ་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་གཞི་འཛིན་ས་ཞིག་དང་། བོད་འདི་ཉིད་གནའ་སྔ་མོ་ནས་ཀྲུང་གོའི་ཁ་འབྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པའི་དཔང་རྟགས་ནུས་ལྡན་ཞིག བོད་མི་དམངས་ཀྱིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མེས་རྒྱལ་གྱི་ཡངས་པའི་རི་ཆུ་གསར་སྤེལ་དང་། འོད་སྟོང་འབར་བའི་ཀྲུང་ཧྭའི་རིག་གནས་མཉམ་གཏོད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ལག་གདང་སྦྲེལ་ནས་སྐྱེད་སྲིང་བྱེད་པའི་ལོ་རྒྱུས་ཀྱི་དཔང་པོ་ཞིག ཀྲུང་ཧྭ་མི་རིགས་ཁག་ཕན་ཚུན་འགྲོ་འོང་སྤེལ་རེས་མཉམ་འདྲེས་དང་། ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་དར་རྒྱས་གོང་འཕེལ་གཏོང་བའི་ལོ་རྒྱུས་ཀྱི་དཔང་རྟགས་ཤིག་བཅས་ཡིན་པས། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། རིག་དངོས་དང་དཔེ་རྙིང་ཚད་ལྡན་ཡིག་ཆ་སྲུང་སྐྱོང་དང་བེད་སྤྱོད་ཀྱི་ལས་དོན་སྤེལ་བའི་དངོས་ཡོད་ཀྱི་དོན་སྙིང་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་ཞབས་འདེགས་ཞུ་རྒྱུར་དམིགས་པ། “སྲུང་སྐྱོང་གཙོ་བོར་བྱེད་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། བེད་སྤྱོད་ལུགས་མཐུན་ཡོང་བ། དོ་དམ་ལ་ཤུགས་སྣོན་རྒྱག་པའི”ལས་དོན་བྱེད་ཕྱོགས་སྒོ་ཀུན་ནས་ལག་ལེན་བསྟར་བ་བཅས་བྱས་ཏེ། རིག་དངོས་དང་དཔེ་རྙིང་ཚད་ལྡན་ཡིག་ཆ་སྲུང་སྐྱོང་དང་བེད་སྤྱོད་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་སྔར་ལས་མང་བར་ཕན་པ་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།

ཏིང་ཡེ་ཤན་གྱིས། འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་ལ་གཞོགས་འདེགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གནད་དོན་དང་། དམིགས་ཚད། འབྲས་བུ་བཅས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཡུན་རིང་ཡུན་ཐུང་གི་དམིགས་ཚད་ཟུང་འབྲེལ་དང་། མིག་སྔ་དང་སླད་ཕྱིན་གྱི་ལས་དོན་ཟུང་འབྲེལ། བོད་དང་ཉེ་འཁོར་ཞིང་ཆེན་དང་གྲོང་ཁྱེར་དབར་གྱི་དཔེ་རྙིང་ཚད་ལྡན་ཡིག་ཆ་སྲུང་སྐྱོང་གི་ལས་དོན་ཟུང་འབྲེལ། སྲུང་སྐྱོང་དང་དོ་དམ་དང་། ཞིབ་འཇུག བེད་སྤྱོད་བཅས་དབར་ཟུང་འབྲེལ། སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་སྤེལ་གཏོང་བའི་དབར་ཟུང་འབྲེལ་བཅས་ལ་དོ་སྣང་བྱས་ནས་བོད་ཡིག་གི་དཔེ་རྙིང་ཚད་ལྡན་ཡིག་ཆའི་ལོ་རྒྱུས་ཀྱི་ནང་དོན་གཏིང་ཟབ་སྔོག་འདོན་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པ་དང་། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་དོན་དངོས་ལ་གཞི་འཛུགས་པ་དང་སྤྱི་ཡོངས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོགས་བྱས་ནས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་ཀྱིས་བརྟག་དཔྱད་མཐིལ་རྟོགས་ཞིབ་ཕྲ་བྱས་ཏེ་སྲུང་སྐྱོང་དང་མྱུར་སྐྱོབ་ལ་གཞི་འཛིན་ས་མཁོ་འདོན་བྱེད་དགོས་པ། བོད་ཡིག་གི་དཔེ་རྙིང་ཚད་ལྡན་ཡིག་ཆ་གྲངས་གཞི་ཅན་དང་གྲངས་གཞིའི་མཛོད་འཛུགས་རྒྱུར་སྐུལ་འདེད་བཏང་ནས་ཐོན་ཁུངས་མཉམ་སྤྱོད་ཡོང་བ་བྱེད་དགོས་པ། བོད་ཡིག་གི་དཔེ་རྙིང་ཚད་ལྡན་ཡིག་ཆ་ཉམས་གསོའི་ལས་དོན་ཡག་པོ་བསྒྲུབས་ནས་རིག་དངོས་ཀྱི་བདེ་འཇགས་ལས་དོན་ལ་མཐོང་ཆེན་བྱེད་དགོས་པ། དྲིལ་བསྒྲགས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་མཉམ་འདྲེས་ཡོང་བར་འབད་བརྩོན་བྱས་ནས་ཐུན་མོང་ཐོག་རིག་གནས་པའི་དུས་རབས་ཀྱི་ལས་འགན་ལ་ཞབས་འདེགས་ཞུ་དགོས་པའི་ནན་བཤད་གནང་བ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)