《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月17日

༄ ཨ་མའི་དུས་ཆེན་དང་ཟྭ་ཐུག་གི་དྲན་འཆར་།

——༡——

དེ་ཡང་དཔྱིད་ཀྱི་ཟྭ་པོའི་ཐུག་པ་མཆོད་དུས་སུ་རྒན་རབས་ཚོས་འདོན་པ་འདི་ལྟར་སྐྱོར་བ་ཐོས་པ་སྟེ། ཁྱོད་ཟས་སོས་པ། །ང་མི་རྙིང་པ། །ཟ་དགོས་ངས་བཟས། །འགྲོ་དགོས་ཁྱོད་ཕྱིན། །དུས་སང་མཇལ་ཆོག་པ་ཤོག །ཅེས་སྨོན་ལམ་འདེབས། དེ་ནི་སེམས་མེད་བེམ་པོའི་ཚུལ་ལ་སྒང་པ་བོད་མི་སྔ་མ་ཚོས། འདི་ལྟའི་སྨོན་ལམ་བྱེད་པ་ནི་རང་བྱུང་ཁམས་ཆེན་མོས་བསྩལ་བའི་ལེགས་སྐྱེས་ལ། བརྩི་བཀུར་དང་དྲིན་གྱི་བསམ་པས་བསླངས་པ་ཞིག་ལས། རྨོངས་དད་ཀྱི་གྲིབ་ཞྭ་ནག་པོ་ཞིག་ག་ལ་ཡིན། ལར་འགྲོ་བ་མི་ཞེས་པ་ནི། རང་གི་སྤྱང་གྲུང་འཇོན་ཐང་ལ་སྙེམས་ནས་དུད་འགྲོ་སེམས་ཅན་དང་རང་བྱུང་སྐྱེ་དངོས་ལ་ཟས་ཆོག་ཆོག་ཅིག་ཡིན་པའི་འདུ་ཤེས་ཧམ་ཆེན་གྱི་རྦབ་རྡོ་ནི་ག་ལ་ཡིན། སྒོས་སུ་རང་གི་ཕ་ཡུལ་ལས་འདས་པའི་གཞན་ཡུལ་གྱི་རི་ཁུག་དང་ལུང་པ་སོ་སོའི་རང་བྱུང་ཟས་སོགས་འཐུ་སྐབས་ཀྱང་། ཐོག་མར་སེམས་གཏིང་ནས་ཡུལ་དེའི་རྩྭ་བདག་ཆུ་བདག་སོགས་ལ། ཀྱེ། རི་ལུང་རྩྭ་བདག་ཆུ་བདག་མཁྱེན། །གཞན་ཡུལ་འགྲིམས་པའི་བདག་སོགས་འགྲོ་བ་ལ། །ཁྱེད་ཀྱི་པང་དུ་འཚར་བའི་ལོངས་སྤྱོད་ལས། །དངོས་གྲུབ་ཕྲན་བུ་བསྩལ་དུ་གསོལ། །ཅེས་པའི་སྨོན་ལམ་བཏབ་རྗེས་དེའི་སྔོ་སྨན་དང་ཤ་མོ་རྩི་ཏོག་སོགས་འཐུ་སྲོལ་ཡོད། གལ་ཏེ། འདི་ལྟའི་གསོལ་སྨོན་གྱི་ཆོག་མཆན་མེད་པར་ས་གང་ཡོད་ནས་རང་འདོད་བཞིན་འཐུ་བ་དང་ལེན་པ་སོགས་བྱེད་ཚེ། ལ་ལར་ཡུལ་དེའི་ལྷ་སྲུང་འགས་རང་གི་མངའ་ཁོངས་ཀྱི་ལོངས་སྤྱོད་སེར་སྣས་བཅིངས་ཏེ། ཚུར་རོལ་མི་ལ་གནོད་པའང་ཡོད་ཅེས་གསུངས་པར་རྨོངས་དད་ཀྱི་དུ་ཞག་མེད་པ་མིན་རུང་། གང་ལྟར་གཞན་གྱི་ནོར་ལ་ཧམ་པ་ཆུང་བ་དང་ངེས་པར་འདོད་ཀྱང་ཐོག་མར་ཡུལ་དེའི་ལྷ་ཀླུ་མི་སོགས་ལ་བསྩལ་བའི་རེ་བ་བྱེད་པ་འདིས་ཀྱང་། སྔར་གྱི་ཀུན་སྤྱོད་དག་མ་ཞིག་མཚོན་པ་མ་ལགས་སམ།

——༢——

ཟྭ་པོ་ནི་སྔོ་ཚོད་ཚེར་མ་ཅན་ཞིག་ཡིན། དེ་ནི་སྔོ་སྨན་གྱི་རིགས་སུ་ཐེ་བས། གསོ་རིག་ནང་རོ་ཁ་ལ་ཚ། ཞུ་རྗེས་དྲོད། ནུས་པས་ཕོ་བའི་དྲོད་ཉམས་པ་དང་། རླུང་ནད་འདྲེས་པའི་ཚ་བ་རྙིང་པ་སོགས་ལ་ཕན། ཞེས་འཁོད་ཀྱང་། ཁོ་བོར་གསོ་རིག་གི་གཞུང་ལུགས་ནས་འདི་དང་དེ་ཞེས་འགྲེལ་བའི་སྤོབས་པ་མ་མཆིས་ཀྱང་། མང་ཚོགས་ཀྱི་ངག་རྒྱུན་དུ། ལོ་རེར་ཟྭ་ཐུག་ལན་རེ་མཆོད་ན། ཕོ་བ་དང་རྒྱུ་མའི་ནང་གི་ཞག་ཚིལ་དང་སྤུ་སོགས་དེད་ནས་ཕོ་བ་གཙང་མ་བཟོ་གི་ཡོད་པ་དང་། གཞན་ཡང་། ཟྭ་ཐུག་ཐོག་མར་མཆོད་པའི་ཉིན་མོར་གྲོད་པ་ཕྲན་བུ་བཤལ་ཚེ། ལོ་དེར་ཟྭ་པོའི་ནུས་པ་ཐོན་ནས་ཕོ་བར་གཙང་སྦྲ་ཐེངས་གཅིག་བྱས་པ་དང་། མ་བཤལ་ན་ནུས་པ་མ་ཐོན་པའི་ཤོད་སྲོལ་ཡང་འདུག དེ་བཞིན་བོད་ཁ་བ་ཅན་གྱི་རྗེ་མི་ལ་བཞད་པ་རྡོ་རྗེས། ཚོད་མ་ལ་ཟྭ་པོ། རྡོར་གྱི་ཚབ་ལ་ཟྭ་པོ། ཙོང་གི་ཚབ་ལ་ཟྭ་པོ། ཚྭ་ཡི་ཚབ་ལ་ཟྭ་པོ་སྟེ། མདོར་ན་ཆུ་ཁོལ་ནང་དུ་ཟྭ་པོ་རྐྱང་པ་བཙོས་ནས་ཡུན་རིང་འཚོ་རྟེན་དུ་མཆོད་ཅིང་། སྒྲུབ་པ་ཉམས་ལེན་སྐབས་སུ་སྡིག་ཟས་དམར་གྱི་ཤ་རིགས་ཕར་བཞག སྒོག་ཙོང་ལ་ཕུག་སོགས་ལའང་འཛེམས་པས་སྒྲུབ་པ་མཐར་ཕྱིན་ཅིང་། སྒོམ་རྟོག་གི་ཡོན་ཏན་ཤར་རིའི་ཉི་འོད་རྒྱས་པ་བཞིན། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་རྨད་བྱུང་རྣམ་ཐར་བཞག་གོ དེ་ལྟར་རྗེ་མི་ལ་རས་པ་དང་ཟྭ་པོའི་ཐུག་པའི་ལས་འབྲེལ་གྱིས། བོད་པ་ཚོས་མི་རབས་གོང་མའམ་སྐྱེས་ཆེན་པའི་ལོ་རྒྱུས་ཕྱིར་དྲན་ནམ་མཐུ་རྟོག་པའི་དངོས་གྲུབ་ཅི་རིགས་ལ་རེ་བ་བཞིན། ནམ་ཟླ་དུས་ཀྱི་ལེགས་སྐྱེས་སུ་འཁྲུངས་པའི་ཟྭ་པོ་བཏུས་ནས་ཟྭ་ཐུག་མཆོད་པའི་རིག་གནས་ཀྱི་ཆུ་རྒྱུན་ད་ལྟ་ཡང་མ་ཉམས་པར་གནས་པ་མ་ཟད། ཁ་རྒྱུན་དུ། ཟྭ་པོ་འཐུ་ཡུལ་ལ་གཙང་བཙོག་མེད་ཅེས་ཟྭ་པོའི་ཟས་ལ་ཀུན་ནས་དགའ་བ་ཞིག་ཡིན།

——༣——

སྤྱི་ཟླ་ལྔ་པའི་ཚེས་བཅུ་ཉིན། སྐད་འཕྲིན་དུ་དཔྲལ་བ་གཉེར་མས་ཁེངས་ཤིང་། སྐྲ་ལོ་སྐྱ་ཕྱེད་སྔོ་ཕྱེད་ཀྱི་ཨ་མ་ཇི་སྙེད་ཅིག་གི་པར་མཇལ་ལ། བུ་ཕྲུག་བརྩེ་བ་ཅན་ཁྲི་འབུམ་གྱིས་ཨ་མ་ལ་བརྩེ་བའི་དུངས་བ་ལྷོག་ལྷོག་ཏུ་བཞུར། ཡང་ལ་ལ་ནི། ཨ་མ་འདས་པོ་དག་ལ་སྐད་འཕྲིན་ནང་མཆོད་མེ་འབུལ་གྱིན། ཞིང་ཁམས་གཞན་ན་བཞུཌ་པའི་ཨ་མའི་རྣམ་ཤེས་ལ་སྙིང་ནས་གསོལ་བ་སྨོན་ལམ་འདེབས། འོན་ཏེ། མ་རྒན་མི་ཡུལ་དྲན་པ་སྒང་དུ་བཞུཌ་ཀྱང་རུང་འདས་ཀྱང་རུང་། རྒན་ཕ་མ་ལ་སྲི་ཞུ་བཀུར་བསྟི་སྒྲུབ་པ་ནི་འགྲོ་བ་མིའི་བཀའ་དྲིན་དྲན་པའི་ཀུན་སྤྱོད་ཅིག་ཡིན་པ་སྨྲོས་ཅི་ལ་དགོས། བདག་ལ་མཚོན་ན། མི་ལོ་སུམ་ཅུ་ལྷག་གི་གོང་རོལ་གྱི་དེ་རིང་ཁ་སང་དེ་དྲན་ཡོང་། ཟྭ་པོ་འཐུ་བ་ནི་ཚེར་མའི་ན་ཟུག་མྱོང་བའི་གོ་རིམ་ཞིག་ཡིན་ཀྱང་། བྱིས་པའི་དུས་ཀྱི་མཚན་མོ་ཨ་མས་ནང་མི་མཉམ་འཛོམས་སྐབས་ཟྭ་ཐུག་ཟ་རུ་གང་རེ་གང་རེ་ཕོར་བར་འདྲེན་པའི་མཛེས་སྡུག་དང་། ཨ་མས་བསྐོལ་བའི་ཟྭ་ཐུག་ཕོར་པ་གང་རེ་གང་རེ་ལོངས་སུ་སྤྱོད་སྐབས་ཞི་ལྷོད་བག་ཕེབས་ཀྱི་ཨ་མའི་དྲུང་དུ་ཟད་མཐའ་མེད་པ་ནི། ལྕེ་དང་མིད་པར་ཟ་འཕྲུག་སློང་བའི་ཐུན་མིན་གྱི་ཚོར་བ་དེ་དང་ཨ་མ་དང་ཨ་མའི་ཟྭ་ཐུག་ཞིམ་པོ་དེ་ལས་མ་འདས་སོ། ད་ལྟ་ཟྭ་པོ་འཐུ་ཡུལ་ན། ན་ནིང་གི་ཟྭ་སྡོང་སྐམ་པོ་སྐྱ་ལ་རིད་པའི་གསེང་ན། ད་ལོའི་ཟྭ་པོ་སོ་མའི་ལྕུག་ཕྲན་འཚར་ཞིང་མཆིས་པས། ཟྭ་སྡོང་རྙིང་པ་དང་ན་རྒས་ཨ་མ་འགྲན་པའི་ཟོལ་གྱིས་སྣ་རྩ་ཟ་ཕྲུག་ཕྲུག་གིས་ཕ་ཡུལ་དུ་ཟྭ་སྡོང་སྐྱ་རིད་ལྟ་བུའི་ཨ་མ་ཁྱེད་ལྷང་ལ་དྲན་གྱིན། ཐུག་པ། ཟྭ་པོའི་ཐུག་པས་བསླངས་པའི་ཕྱིར་དྲན་གྱི་ཨ་མ། ཨ་མའི་མེས་པོ་ཚོ་རྐང་ནས་དྲན་དུ་བཅུག་ཨང་།