《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月17日

མེ་ཟོན་རོགས་སྐྱོབ་ལས་ཡུལ་ན། ལང་ཚོའི་གཟི་འོད་རབ་ཏུ་འབར།

—— གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་སྐོར་བཀོད་པ།

འཆི་གསོན་གྱི་འགྲན་སློང་ཁྲོད“སྔོ་མདོག་གི་དཔུང་སྡེ་སྟོབས་ཆེན”བསྐྲུན་པ།

དུས་ཡུན་རིང་པོའི་ནང་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དར་ཆ་གནང་སྐབས་གནང་བའི་གདམས་ངག་གི་དགོངས་དོན་ལག་བསྟར་བྱས་ཏེ“ཉེན་ཁ་ཡོད་ཚེ་ངེས་པར་དུ་སེལ་བ་དང་གེགས་བར་འཕྲད་ཚེ་ངེས་པར་དུ་སྐྱོབ་པའི”དམ་བཅའ་བརྟན་པོ་ལག་བསྟར་བྱས་ནས་ཁོངས་གཏོགས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་བཅས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པ་རེད།

དཀའ་ཉེན་འཕྲད་སྐབས་གདོང་མཆོང་བྱེད་ཕོད་པ་བྱས་ཏེ་ཉེན་སེལ་རོགས་སྐྱོབ་ཀྱི་བསྟོད་གླུ་བརྩམས་ཤིང་། ཁྲག་དང་མེའི་ཚོད་བགམ་གྱི་མདུན་དུ“སྔོ་མདོག་གི་དཔུང་སྡེ་སྟོབས་ཆེན”དེས་ཐོག་མཐའ་བར་གསུམ་དུ“མི་དམངས་ལྟེ་བར་འཛིན་པའི”ལས་ཀའི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་གེགས་ཁུལ་དུ་སྐྱོད་དེ་སྲོག་ཉེན་ལ་མི་འཛེམ་པར་འགན་འཁྲི་ཁུར་སེམས་ཆེན་པོའི་ཐོག་ནས་རོགས་སྐྱོབ་ཀྱི་ཐབས་ལམ་བཏོད་པ་དང་། འབད་བརྩོན་ལྡབ་བརྒྱ་བྱས་ཏེ་ཚེ་སྲོག་གི་ངོ་མཚར་བཏོད་པ། རྒྱུན་མཐུད་ངང་འཐབ་རྩོད་བྱས་པར་རྒྱལ་ཁ་རེ་རེ་བཞིན་ཐོབ་ཡོད་པ་རེད།

2015ལོའི་ནེ་པ་ལའི“4·25”ས་ཡོམ་ཁྲོད་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་ཁག་གཅིག་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད། གནོད་འཚེ་ཐོན་རྗེས་རུ་ཆེན་གྱིས་འཕྲལ་མར་བཀོད་འཐབ་པ་40སྒྲིག་འཛུགས་བྱས་ཏེ་སྲོག་རྒྱུན་འཚོལ་ཆས་དང་གློག་བཞུ་སོགས་རོགས་སྐྱོབ་ཡོ་ཆས་400ལྷག་ཙམ་འཁྱེར་ནས་ཆུ་ཚོད་10ལྷག་ཙམ་འགྲུལ་བཞུད་བྱས་པ་བརྒྱུད་གནོད་འཚེ་ཕོག་ཚབས་ཆེ་བའི་གཉའ་ནང་རྫོང་དུ་འབྱོར་ཡོད། (པར་ངོས་བཞི་པར་གཟིགས)

ཁྲག་དང་མེའི་ཚོད་བགམ་ཁྲོད“མེ་ཟོན་གྱི་དམག་དཔུང་ཧྲག་པོ”ཞུན་བརྡར་བྱས་པ།

(པར་ངོས་དང་པོར་མཐུད) བཀོད་འཐབ་པ་ཚོས་ཡོམ་འཕྲོ་ཡང་ཡང་རྒྱག་པ་དང་བྲག་རྡོ་ཉིལ་བའི་ཉེན་ཁར་མི་བལྟོས་པར་དུས་ཚོད་དམ་འཛིན་གྱིས་གེགས་བར་དང་འཐབ་རྩོད་བྱས་པས་ཉེན་གྱར་མང་ཚོགས་210སྐྱོབ་ཐུབ་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་1035ས་ཆ་གཞན་ལ་སྤོ་ཐུབ་པ། འཚོ་བའི་དངོས་ཟོག་5400དབོར་བ། གེགས་སྐྱོབ་གུར་530བརྒྱབ་པ་བཅས་བྱས་ཏེ་སྐབས་དེ་དུས་ཀྱི་ཡོམ་འགོག་གེགས་སེལ་གྱི་ལས་འགན་ཕུན་སུམ་ཚོགས་པོས་ལེགས་སྒྲུབ་བྱས་པ་རེད།

2017ལོའི་ཟླ་3པའི་ཟླ་དཀྱིལ་དང་ཟླ་སྨད་དུ་གཞིས་རྩེར་ལོ་50རིང་འཕྲད་པར་དཀའ་བའི་གངས་ཆེན་པོ་བབས་པའི་གནམ་གཤིས་བསྟན་པ་རེད། རུ་ཆེན་དེས་འཕྲལ་མར་སྐྱོད་ཐུབ་པ་དང་། གོ་མཚོན་ལེགས་པ། སྦྱོང་བརྡར་ཡག་པོ་ཐེབས་པ་བཅས་ཀྱི་ལེགས་ཆ་སྤྱད་དེ་གདོང་མཆོང་བྱས་པ་དང་རྒྱུན་མཐུད་འཐབ་རྩོད་བྱས་ནས་གང་དུ་ཉེན་ཁ་ཡོད་པ་དེར་བསྐྱོད་པ་རེད། ཟླ་3ཚེས་17ཉིན་གྱི་ཆུ་ཚོད་22དང་སྐར་མ་35ཡི་ཐོག་རྒྱ་མཚོ་གཞུང་ཤང་གི་དམངས་ཀྱི་སྡོད་ཁང་20གངས་ལྷགས་ཀྱི་གནོད་འཚེའི་འོག་ཆ་ཤས་བརྡིབས་ནས་མང་ཚོགས་43ཉེན་ཁར་གྱར་བ་རེད། ཞིག་རོའི་འོག་ན་གཞོན་ཨ་མ་ཞིག་གིས་ལོ་2ལ་སླེབས་པའི་ཕྲུ་གུ་ཞིག་པང་ཁར་བཏབ་སྟེ་སྐྱོབ་ཐུབ་རེ་བྱེད་བཞིན་ཡོད་པ་རེད། ལོ་19ལ་སླེབས་པའི་མེ་གསོད་རུ་མི་བསྟན་འཛིན་གྱིས་མཐོང་འཕྲལ“ཨ་ཅག་ཁྱེད་རང་ཏོག་ཙམ་སྡུག་རུས་བགྱིས་ཨང་། ང་ཚོས་ངེས་པར་དུ་སྐྱོབ་ཐུབ་པ་བྱས་ཆོག”ཅེས་བརྗོད་ཀྱིན་གཅོད་འབྲེག་ལག་ཆས་ཉེ་འགྲམ་གྱི་ཞིག་རོ་འབྲེག་འགོ་བརྩམས། བསྟན་འཛིན་གྱིས་གྲང་ངར་ཧ་ཅང་ཆེ་བའི་གངས་ལྷགས་ཁྲོད་པུས་མོ་ས་ལ་བཙུགས་ཏེ་ཆུ་ཚོད་གཉིས་ཙམ་སྡུག་རུས་བརྒྱབ་མཐར། མེ་གསོད་རུ་མི་ཚོའི་འགྱུར་མེད་སྟོབས་ལྡན་གྱི་ངར་ཤུགས་ལས་རོགས་སྐྱོབ་བྱ་སྤྱོད་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཐུབ་པ་དང་མ་བུ་དེ་གཉིས་ཀྱང་སྐྱབས་ཐུབ་པ་མ་ཟད། མང་ཚོགས་གཞན་41སྔ་རྗེས་སུ་ཉེན་ཁ་ལས་སྒྲོལ་ཐུབ་པ་བྱུང་བ་རེད།

གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་འདི་ཉིད་གྲོང་ཁུལ་གཙོ་བོ་ཡིན་པའི་ངོས་ནས་མེ་ཟོན་སྔོན་འགོག་དང་མེ་གསོད་ཀྱི་ལས་འགན་ཧ་ཅང་ལྕི་པོ་ཡོད། རབ་ཏུ་འབར་བའི་མེ་ལྕེའི་ཁྲོད་ཇི་ལྟར་བྱས་ཏེ་མདུན་མཆོང་བྱེད་ཕོད་པ་དང་ཉེན་ཁ་དང་གནོད་འཚེའི་ཁྲོད་དཔའ་ངར་ཆེར་བསྐྱེད་ཀྱིས་དོན་ཐུབ་པ་བྱེད་པ་དེ་ནི་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་དང་བྱང་ཚད་ལ་བརྟེན་དགོས་ཀྱི་ཡོད།

རུ་ཆེན་དེས་ཐོག་མཐའ་བར་གསུམ་དུ་དོ་དམ་ནན་པོ་དང་སྦྱོང་བརྡར་ནན་པོ་བྱས་ཏེ་རུ་ཆེན་བཙུགས་ཚུན“ཁྲིམས་འགལ་སྒྲིག་འགལ་གྱི་གནས་ཚུལ་དང་། མང་ཚོགས་ཀྱི་རྩོད་གཞི། འགན་འཁྲིའི་ལས་འཛོལ་བཅས་གཅིག་ཀྱང་མི་ཐོན་པའི”ཕུལ་བྱུང་གི་གྲུབ་འབྲས་རྒྱུན་འཁྱོངས་བྱས་ཡོད། “གནོད་འཚེའི་ཕྱོགས་ཡོངས་དང་འཕྲལ་སྡོམ་ཆེ་མོའི”འགན་འཁྲི་གསར་པ་དང་བླང་བྱ་གསར་པར་ཕྱོགས་སྐབས་རུ་ཆེན་དེའི་བཀོད་འཐབ་པ་ཚོས་གུ་དོག་སར་རོགས་སྐྱོབ་བྱེད་པ་དང་སྲང་ལམ་དོག་པོ་གཤོང་བ་སོགས་ཀྱི་རྩལ་ནུས་དང་། གངས་འཁྱག་ཁྲོད་འཛེགས་པ་དང་བདེ་འཇགས་ཁུལ་བཟོ་བ་སོགས་ཀྱི་རྩལ་ནུས། ཆུ་ཁོངས་སུ་རོགས་སྐྱོབ་དང་ཆུའི་ནང་ནས་འདོན་པ་སོགས་ཀྱི་རྩལ་ནུས་སྦྱངས་པ་དང་ཚན་རིག་དང་མཐུན་ལ་ནུས་པ་ཆེ་བ་དང་ཆེད་ལས་ལག་རྩལ་བྱང་ཆུབ་པའི་ཉམས་སད་ཐེག་ཐུབ་པའི་འཇོན་ཐང་སྦྱངས་པ་རེད།

ཉེ་བའི་ལོ་ཤས་རིང་། རུ་ཆེན་དེས་སྔ་རྗེས་སུ་མེ་ཟོན་སྣ་ཚོགས་260ལྷག་ཙམ་གསད་པའི་ནང་ཞུགས་པ་དང་། རླངས་འཁོར་ཐེངས་520ཙམ་བཏང་བ། བཀོད་འཐབ་པ་མི་ཐེངས་3500ལྷག་ཙམ་བཏང་བ། རྒྱུ་ནོར་གྱི་གྱོང་གུན་སྒོར་ཁྲི་9000ལྷག་ཙམ་གསབ་པ། དམག་འཐབ་མང་པོར་རྒྱལ་ཁ་ཐོབ་པ་བཅས་བྱས་ཏེ་མི་སེམས་འགུལ་བའི“འཁྱག་པ་དང་མེའི་བསྟོད་གླུ”མང་དག་བརྩམས་པ་རེད།

དྲོ་སྐྱིད་དང་དགའ་གཅེས་ཀྱི་ལེགས་སྐྱེས་ཁྲོད“ཤེས་དཔལ་ལྡན་པའི་དཔུང་སྡེ”བསྐྲུན་པ།

མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་རྒྱལ་ཁབ་དང་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་ཆེ་ཤོས་གནས་ས་དེ་རེད། རུ་ཆེན་གྱིས་དུས་དང་རྣམ་པ་ཀུན་ཏུ་བཀོད་འཐབ་པའི་ཆབ་སྲིད་ཀྱི་ཀུན་སྤྱོད་བླང་བྱ་ཨང་དང་པོར་བཞག་སྟེ་ཐོག་མཐའ་བར་གསུམ་དུ་ཏང་གི་དགོངས་དོན་བློ་ལ་བརྟན་པོར་ངེས་ནས་ཏང་ལ་ལྷག་བསམ་རྣམ་དག་གིས་བཅའ་སྡོད་བྱ་ཡུལ་ཕ་ཡུལ་ལ་བརྩི་བ་དང་། མི་དམངས་གཉེན་ཉེར་བརྩི་བ། དམངས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་དང་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་བཏང་སྟེ་མི་རིགས་ཁག་གི་མི་དམངས་དང་མཉམ་དུ“དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང”བྱས་པ་རེད།

དགོངས་དོན་བློ་ལ་བརྟན་པོར་ངེས་ནས་མང་ཚོགས་ལ་བརྩེ་བ་བཅངས་ཏེ་མི་རིགས་མཐུན་སྒྲིལ་གྱི“ལེའུ་གསར་པ”བརྩམས་ཤིང་། མཐུན་སྒྲིལ་དངོས་འབྲེལ་ནི་སེམས་གཏིང་གི་བརྩེ་བ་དང་སེམས་གཏིང་གི་དྲན་སྣང་དེ་རེད། རུ་ཆེན་གྱིས་བསམ་གྲུབ་རྩེ་ཆུས་འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱི་མི་ཧྲེང་རྒན་རྒོན་71དང་རོགས་སྐྱོར་འབྲེལ་བ་བཙུགས་ཏེ་གཟའ་མཇུག་ཏུ་སླེབས་རིམ་བཞིན་བཀོད་འཐབ་པ་ཚོས་བསྙེན་བཀུར་ལྟེ་གནས་སུ་བསྐྱོད་དེ་གཙང་སྦྲ་བྱེད་པ་དང་། རྒན་རྒོན་ཚོ་དང་ཅི་འཕྲོས་མོལ་འཕྲོས་ཤོད་པ། རྩམ་པ་དང་མར་སོས་པ་སོགས་འཁྱེར་ནས་རྒན་རྒོན་ཚོར་ལྟ་བ་སོགས་བྱེད་ཀྱི་ཡོད་པ་རེད།

ལོ་ལྟར་གྱི་སྟོན་བསྡུའི་དུས་སུ་རྒྱུན་གཏན་གྱི་ལས་སྒྲུབ་དང་དམག་གྲབས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་རུ་ཆེན་དེས་བཀོད་འཐབ་པ་མངགས་ནས་མང་ཚོགས་ལ་བཙས་མ་བརྔ་རོགས་བྱེད་ཀྱི་ཡོད་པ་རེད།

ལེགས་སྐྱེས་འབུལ་ཕོད་པ་དང་གནོང་འགྱོད་མེད་པའི་ལང་ཚོར་བརྟེན་ཏེ་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི“མཐིང་མདོག་གི་མེ་ལྟར་ཚ་བའི་སེམས་པ”ཞུན་བརྡར་བྱས་ཤིང་། ཉེ་བའི་ལོ་ཤས་རིང་ལས་ཀའི་དགོས་མཁོའི་དབང་གིས་རུ་ཆེན་དེའི་བཀོད་འཐབ་པས་ཁྱིམ་ཆུང་དོར་ནས་ཁྱིམ་ཚང་ཆེ་མོར་ལྟ་རྟོག་བྱེད་པ་དང་རང་རྟོགས་ངང་སྤྱི་ཡོངས་གཙོ་བོར་བརྩིས་ཏེ་བཀོད་འཐབ་པ་50ལྷག་ཙམ་གྱིས་རང་འགུལ་ངང་འཁོར་ཞག་བློས་གཏོང་བྱས་པ་དང་། བཀོད་འཐབ་པ་35ཡིས་གཉེན་སྒྲིག་དུས་ཚོད་ནར་འགྱངས་བྱས་པ། བཀོད་འཐབ་པ་24བཟའ་ཟླ་ཕྲུ་གུ་སྐྱེ་སྐབས་རོགས་པར་སྐྱོད་མ་ཐུབ་པ་སོགས་བཀོད་འཐབ་པ་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་དང་བྱ་གཞག་ལ་ལྷག་བསམ་རྣམ་དག་ཚད་མེད་བྱས་ཏེ་ལེ་དབར་སྟོང་གི་སར་གནས་པའི་ཕ་མ་དང་། བཟའ་ཟླ། བུ་ཕྲུག་སོགས་བློས་གཏོང་བྱས་པ་རེད།

འཆི་གསོན་དང་ཁྲག་དང་མེའི་ཁྲོད་ཀྱི་ཚོད་བགམ་ནན་པོ་དུ་མ་དང་། ནད་བཅོས་སྲོག་སྐྱོབ་དང་ཕན་ཚུན་ལྟ་སྐྱོང་གི་བསམ་པའི་འཁྱེར་སོ་དུ་མ། ཁྱིམ་ཆུང་དོར་ནས་ཁྱིམ་ཚང་ཆེ་མོའི་ཆེད་ལས་དོན་སྒྲུབ་པའི་མི་ཚེའི་གདམ་ག་དུ་མ་སོགས་ཁྲོད་གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་བསམ་གྲུབ་རྩེ་ཆུས་རུ་ཆེན་གྱིས་འགན་འཁྲི་འཁུར་ཕོད་པ་བྱས་ནས་དུས་རབས་གསར་པའི་ཟུངས་ཤུགས་ཞུན་བརྡར་གྱིས་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་ངང་ལེགས་སྐྱེས་འབུལ་བ་དང་སྲོག་ཉེན་ལའང་མི་འཛེམས་པའི་རྒྱང་སྐྱོད་ལམ་བུ་གསར་པར་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱས་ཏེ་དཔུང་སྡེ་དེའི་ལང་ཚོ་དེ་བས་ངོ་མཚར་ལྡན་པར་བྱས།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)