《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月17日

དྲོད་ཁང་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ།

ཉི་འོད་འོག་ཀུའོ་ཧོ་ཡན་སྟོད་ཐུང་ནག་པོ་ཕུ་མེད་ཅིག་གྱོན་ཏེ་རང་ཁྱིམ་གྱི་དྲོད་ཁང་མདུན་དུ་ངལ་གསོ་རྒྱག་སའི་བསིལ་ཁང་ཞིག་རྒྱག་བཞིན་ཡོད་པ་དང་། ཡུད་ཙམ་སོང་རྗེས་དཔྲལ་བ་ནས་རྔུལ་ཆུ་ཕྲུམ་ཕྲུམ་དུ་ལྷུང་། “དྲོད་ཁང་ནང་གི་ཤིས་ཀྭ་ཕལ་ཆེ་བ་སྨིན་འདུག ད་དུང་བསིལ་ཁང་ཞིག་བརྒྱབ་ཚེ་ཤིས་ཀྭ་ཉོ་བར་ཡོང་མཁན་ཚོ་ངལ་གསོ་ཆོག རྗེས་སུ་ད་དུང་རླངས་འཁོར་འཇོག་ས་ཞིག་ཀྱང་རྒྱག་རྩིས་ཡོད། དེ་ལྟར་བྱུང་ན་དངོས་གནས་སྟབས་བདེ་པོ་ཡོང་བ་འདུག”ཅེས་ཀུའོ་ཧོ་ཡན་གྱིས་གསར་འགོད་པར་བརྗོད་བྱུང་།

ཀུའོ་ཧོ་ཡན་ནི་ཧོ་ནན་ནས་ཡིན་ཞིང་། ད་ལོ་ལོ་57ལ་སླེབས་ཡོད། ཆུང་དུས་ནས་ཡུལ་ཕྱོགས་གང་སར་བསྐྱོད་དེ་ཚོང་རྒྱག་པ་སོགས་ཀྱི་ལས་ཀ་སྣ་ཚོགས་བྱེད་མྱོང་ཡོད་མོད། འོན་ཀྱང་གཏན་འཁེལ་བའི་ལས་ཀ་ཞིག་མེད། 2005ལོར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཉེས་ཐང་ཤང་དུ་ཚལ་འདེབས་སྐབས་ཀུའོ་ཧོ་ཡན་དང་ས་ཆ་དེ་གར་གླ་པ་རྒྱུག་བཞིན་པའི་བོད་རིགས་བུ་མོ་ཚེ་རིང་ཆོས་སྒྲོན་ངོ་ཤེས། ཀུའོ་ཧོ་ཡན་ལས་ལ་བརྩོན་པོ་ཡོད་པས་ཁོ་མོའི་ཡིད་དབང་འཕྲོག་སྟེ་ཁོང་དང་མཉམ་དུ་འཚོ་བ་སྐྱེལ་རྒྱུའི་སེམས་ཐག་བཅད། འོན་ཀྱང་ཚེ་རིང་ཆོས་སྒྲོན་གྱི་ནང་མིས་ཁོང་གཉིས་དབར་སྐད་རིགས་དང་། འཚོ་བའི་ཁོར་ཡུག འཚོ་བའི་གོམས་གཤིས་བཅས་མི་འདྲ་བས་འཚམ་པོ་མེད་ཅེས་མོས་མཐུན་བྱས་མེད།

“སྐབས་དེ་དུས་ངས་ནང་མིར་ང་གཉིས་ཕ་ཡུལ་གནམ་ཤང་ལྗང་གྲོང་ཚོར་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་འཚོ་བ་ཡག་པོ་ཞིག་སྐྱེལ་གྱི་ཡིན་ཞེས་བཤད་པ་ཡིན”ཞེས་ཚེ་རིང་ཆོས་སྒྲོན་གྱིས་དྲན་གསོ་བྱེད་བཞིན་བརྗོད་བྱུང་། དེ་རྗེས་ཀྱི་ལོ་བཅུའི་རིང་ཁོང་གཉིས་ཀྱི་མཉམ་དུ་གླ་པ་རྒྱུག་པ་དང་འབད་བརྩོན་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས། དང་ཐོག་ཁོང་གཉིས་ཀྱིས་མཉེས་ཐང་ཤང་དང་གནམ་ཤང་རྒྱུད་དུ་དྲོད་ཁང་འགན་གཙང་བླངས་ཏེ་སྔོ་ཚལ་བཏབ་པ་དང་། སྔོ་ཚལ་དྲོད་ཁང་སྟར་པ་20ཙམ་ཡོད། བསམ་བློ་གཏོང་རྒྱུར་དགའ་བ་དང་དཀའ་སྤྱད་འབད་བརྩོན་བྱེད་ཕོད་པའི་ཀུའོ་ཧོ་ཡན་གྱིས་ཀྭ་རིགས་དང་ཤིང་ཏོག་འདེབས་འཛུགས་བྱེད་པ་དང་ལྷག་པར་དུ་ཤིས་ཀྭ་འདེབས་འཛུགས་བྱེད་པའི་ཐད་གྲུབ་འབྲས་ལྡན་པའི་ཉམས་མྱོང་བཟང་པོ་ཞིག་འཚོལ་ཞིབ་ཐུབ་པས་ཁོང་གཉིས་ཀྱི་ཤིས་ཀྭ་ཡི་ལྤགས་པ་སྲབ་ལ་མངར་ཞིང་ཆུ་མང་པོ་ཡོད་རྐྱེན་ཆུ་ཤུར་ཙམ་མ་ཟད། ལྷ་སར་ཡང་སྐད་གྲགས་ཆོད་ཡོད། དེ་ཐོག་ནས་ཀུའོ་ཧོ་ཡན་གྱི་སླར་ཡང་ལས་གཏོད་བྱེད་པའི་ཐད་ཡིད་ཆེས་ཆེ་རུ་ཕྱིན་ཡོད།

2018ལོར་ཁོང་གཉིས་ཀྱིས་ལོ་ཤས་རིང་བསཌ་བསཌ་གྲུང་གྲུང་བྱས་པའི་དངུལ་རྣམས་བཏོན་པ་མ་ཟད། (པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ད་དུང་དགའ་ཉེ་སྤུན་མཆེད་ཀྱི་ས་ནས་དངུལ་གཡར་ཏེ་བསྡོམས་སྒོར་ཁྲི་70བཏང་ནས་ཚེ་རིང་ཆོས་སྒྲོན་གྱི་ཕ་ཡུལ་ལྗང་གྲོང་ཚོར་ས་ཞིང་མུའུ་18འགན་གཙང་བླངས་པ་དང་། དྲོད་ཁང་སྟར་པ་3བརྒྱབ་སྟེ། ཤིས་ཀྭ་སྡོང་པོ་ཁྲི་2དང་། འབྲི་ཏ་ས་འཛིན། སེའུ་སྒོང་། འབྲུག་སིལ་སོགས་ཤིང་འབྲས་དང་སྔོ་ཚལ་འདེབས་པའི་ཐག་བཅད། “ལོ་བཅུ་ལྷག་ཙམ་སོ་ནམ་བྱས་པར་ཉམས་མྱོང་ཕྲན་བུ་ཡོད་པས་ལས་གཏོད་བྱས་ནས་རང་ཉིད་ལ་དབང་བའི་སྤུས་རྟགས་ཤིག་གཏོད་འདོད་འདུག”ཅེས་ཀུའོ་ཧོ་ཡན་གྱིས་ཡིད་ཆེས་ཆེན་པོས་བརྗོད།

ལྷ་སར་ལོ་20ཙམ་དཀའ་ལས་བརྒྱབ་པས་ཀུའོ་ཧོ་ཡན་གྱིས་འདི་ག་ནི་རང་ཉིད་ཀྱི་ཕ་ཡུལ་གཉིས་པར་བརྩི་བ་དང་། ལྗང་གྲོང་ཚོའི་ཡུལ་མི་རྣམས་རང་ཉིད་ཀྱི་གཉེན་ཉེར་བརྩི་ཡི་ཡོད། ཁོང་གིས་ད་དུང་བཟའ་ཟླ་ཚེ་རིང་ཆོས་སྒྲོན་དང་མཉམ་དུ་འཚོ་བ་བསྐྱལ་ཏེ་ཡུལ་མི་ཚོར་འདེབས་རྩལ་སློབ་ཁྲིད་བྱས་ནས་ཚང་མ་མཉམ་དུ་ཕྱུག་འགྱུར་ཡོང་བའི་སྣེ་ཁྲིད་བྱས་ཡོད།

(བསོད་ནམས་དཔའ་མོས་བསྒྱུར། བདེ་སྒྲོལ་གྱིས་ཞུས)