《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月17日

“ཨ་དབང་ལུག”ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་བཏང་བ།

—— གོ་འཇོ་རྫོང་གིས་དབུལ་སྐྱོར་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་བའི་སྐོར་གྱི་མཐོང་ཐོས།

དབྱར་དུས་སུ་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ཨ་དབང་ཤང་གི་འབྲོག་ར་སྔོ་ཐིང་ཐིང་དུ་གྱུར་པ་དང་རྒྱང་ལྟ་བྱེད་སྐབས་མཐོ་ལ་བརྗིད་ཉམས་ལྡན་པའི་གངས་རི་ཡོད་པ་མ་ཟད། རབ་ཏུ་འཚེར་བའི་ཉི་འོད་ངོ་གདོང་ལ་འཕྲོ་སྐབས་ཚ་འུར་འུར་བྱེད་ཅིང་། ལུག་1400ལྷག་ཙམ་རི་འདབས་སུ་རྩྭ་ཟ་བཞིན་ཅི་དགར་རོལ་བ་དེ་རྩྭ་ཐང་སྟེང་གི་སྤྲིན་དཀར་ཚོམ་བུ་དང་གཉིས་སུ་མ་མཆིས།

ལུག་དེ་དག་གི་སྦྱིན་བདག་ནི་ལོ་50ལ་སླེབས་པའི་རྡོ་མགོན་ཡིན་ཞིང་། ཁོང་ནི་གོ་འཇོ་རྫོང་ཨ་དབང་ཤང་བཅིངས་འགྲོལ་གྲོང་ཚོ་ནས་ཡིན་པ་དང་ཨ་དབང་ཤང་གི་ལུག་གསོ་ཚགས་དུད་ཆེན་ཞིག་ཡིན། ན་ནིང་ཁོང་ཁྱིམ་གྱིས་ལུག་100ལྷག་ཙམ་བཤས་བཏང་བར་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་བྱུང་ཡོད།

“ལུག་སྐྱེ་འཕེལ་མགྱོགས་ལ་ཁེ་བཟང་ཡག་པོ་ཡོད་པ”དང“ལུག་ལོ་ལྟར་བཤས་གཏོང་ཆོག་ལ་འདི་ལོ་སྤུ་གསར་ལུ་གུ་500ལྷག་ཙམ་ཡོད”ཅེས་རྡོ་མགོན་གྱིས་བརྗོད། ཁོང་གི་ཤུགས་རྐྱེན་འོག་གྲོང་ཚོའི་ནང་ལུག་གསོ་མཁན་ཇེ་མང་དུ་ཕྱིན་ཡོད།

གོ་འཇོ་རྫོང་གི་འབྲོག་པས་གསོ་ཚཌ་བྱས་པའི་ལུག་ལ་ས་གནས་དེའི་གྲོང་མི་ཚོས“ཨ་དབང་ལུག”ཅེས་འབོད་ཀྱི་ཡོད།

ལོ་མང་རྒྱུད་འཕེལ་བྱུང་བའི་ཨ་དབང་ལུག་གི་རྒྱུད་པ་ད་ཆ་ཆབ་མདོ་གྲོང་ཁྱེར་གྱི་ཁྱད་ལྡན་སྤུས་རྟགས་ཤིག་ཡིན་ལ་མང་ཚོགས་ཀྱི་སྣེ་འཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་རྐང་འཛིན་ཐོན་ལས་ཤིག་ཏུའང་གྱུར་ཡོད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

གོ་འཇོ་རྫོང་འབོ་ལོ་གྲོང་རྡལ་ཨ་དབང་ལུག་གསོ་ཚགས་རྟེན་གཞིར་སྐྱོད་སྐབས་དེང་རབས་ཅན་གྱི་ལུག་གི་ལྷས་ར་20གྲལ་སྟར་སྒྲིག་པོར་བརྒྱབ་ཡོད་པ་མ་ཟད། གཟན་རྩྭ་ལས་སྣོན་བཟོ་གྲྭ་དང་། བཤས་གཏོང་འཁོར་ཁང་། ཕྱུགས་ནད་སྨན་ཁང་། ལུད་བསྙོལ་ཁང་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་ཆ་ཚང་པོ་ཡོད། རྟེན་གཞིའི་འགན་འཁུར་བ་སྐལ་བཟང་ཚེ་རིང་གིས་གསོ་ཚགས་རྟེན་གཞིར་ད་ཆ་ལུག་3400ལྷག་ཙམ་ཡོད། “ལུག་ལ་གཟན་རྩྭ་སྟེར་བ་ཕུད་ད་དུང་མ་རྨོས་ལོ་ཏོག་དང་། གྲོ་སྤགས། སོབ་ཕྱེ། སྦང་མ་སོགས་ལས་བཟོས་པའི་གཟན་ཆག་སྤུས་རྟགས་སྟེར་གྱི་ཡོད་པས་རྒྱགས་གསོའི་དུས་ཚོད་ཐུང་དུ་འགྲོ་ཡི་ཡོད”ཅེས་ངོ་སྤྲོད་བྱས།

ཨ་དབང་ལུག་གི་སྤུས་རྟགས་གཏོད་ཆེད་གོ་འཇོ་རྫོང་གིས་སྔོན་ཐོན་གྱི་གསོ་ཚགས་ལག་རྩལ་ལ་བརྟེན་ནས“ཀུང་སི་དང་། རྟེན་གཞི། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་སྦྲེལ་བའི”གཉེར་སྐྱོང་བྱ་ཐབས་བརྒྱུད་ཨ་དབང་ལུག་གི་ཐོན་ལས་མ་ལག་ཆེད་ལས་ཅན་དང་ཐོན་ལས་ཅན་གྱི་ཕྱོགས་སུ་སྐུལ་འདེད་བཏང་བ་དང་ཞིང་འབྲོག་པར་འབབ་འཕར་ཡོང་བར་སྣེ་ཁྲིད་ཐུབ་ཡོད།

སྐལ་བཟང་ཚེ་རིང་གིས། གོ་འཇོ་རྫོང་གིས་ཡུན་རིང་ཨ་དབང་ལུག་གསོ་ཚགས་བྱེད་འདོད་ཡོད་མཁན་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ལུག་20ནས་50བར་སྤྲད་དེ་ལོ་རེ་གཉིས་ཀྱི་རྗེས་སུ་བཤས་གཏོང་ཆོག་གི་ཡོད། 2019ལོར་གསོ་ཚགས་རྟེན་གཞིར་སྒོར་ཁྲི་228བཏང་ནས་ཤང་དང་གྲོང་རྡལ་6གི་མང་ཚོགས་དུད་ཚང་800ལྷག་ཙམ་གྱི་ས་ནས་ལུག་2400ལྷག་ཙམ་ཉོས་པ་དང་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་2850བྱུང་བ་དང་དེའི་ཁྲོད་ནས་ཕལ་ཆེ་བ་ནི་དུད་ཚང་དབུལ་པོ་རེད་ཅེས་བརྗོད།

ལུག་གསོ་ཚགས་ཕུད་ས་གནས་མང་ཚོགས་ཀྱིས་གཟན་རྩྭ་འདེབས་འཛུགས་བྱས་པར་ཡང་ཡོང་འབབ་བྱུང་བ་དང་། ས་བོན་སྲིད་གཞུང་གིས་རིན་པ་མི་དགོས་པར་མཁོ་འདོན་བྱས་ཡོད། 2019ལོར་གསོ་ཚགས་རྟེན་གཞིས་མང་ཚོགས་ཀྱི་ལག་ནས་གཟན་རྩྭ་ཏུན་200ཉོས་པར་སྒོར་ཁྲི་84སྤྲད་པ་དང་མང་ཚོགས་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་2600བྱུང་བ་རེད།

གསོ་ཚགས་རྟེན་གཞིས་ད་དུང་ཉེ་འཁོར་གྱི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་དབུལ་པོ་10ལས་ཞུགས་བརྟན་པོ་ཐུབ་པ་བྱས་པས་མི་རེར་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར་2300ཟིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོར་གོ་འཇོ་རྫོང་མང་ཚོགས་ཀྱིས་ཨ་དབང་ལུག་ཁྲི་1.2གསོ་ཚགས་བྱས་པར་ད་ཆ་རྫོང་ཡོངས་སུ་ལག་ཡོད་ཨ་དབང་ལུག་ཁྲི་4.2ཟིན་པ་དེ་2025ལོར་སླེབས་སྐབས་རྫོང་ཡོངས་ཀྱི་ལག་ཡོད་ཨ་དབང་གི་ལུག་ཚོད་རྩིས་བྱས་ན་ཁྲི་13ཟིན་རྒྱུ་རེད།

(བདེ་སྐྱིད་སྒྲོལ་དཀར་གྱིས་བསྒྱུར། བདེ་སྒྲོལ་དང་བསོད་དཔས་ཞུས)