《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月15日

སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་སྦྲེལ་ཟམ་བཙུགས། ཚོགས་པ་བསྒྲིགས་ནས་ནང་སར་ལས་ཀར་བསྐྱོད།

—— ཀྲུང་གོ་མཚོ་སྣུམ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་ལས་མི་བསྡུ་བའི་དྲ་ཐོག་སྒྲོག་འགྲེལ་འདུ་ཚོགས་གཉེར་བའི་སྐོར་གྱི་ཟུར་བཀོད།

ཉིན་ཤས་གོང་། ཀྲུང་གོ་མཚོ་སྣུམ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་དེ་འཁྱུག་དབྱིངས་ལས་སྟེགས་ལ་བརྟེན་ནས་ཐད་གཏོང་སྒྲོག་འགྲེལ་བྱས་པ་རེད།

འཁྱུག་དབྱིངས་ལས་སྟེགས་ཀྱི་སྒྲོག་འགྲེལ་འདུ་ཚོགས་གཉེར་བའི་རྣམ་པ་གསར་པར་བརྟེན་ནས་སློབ་ཐོན་སློབ་མ་མང་པོ་ཞིག་དེར་ཞུགས་པར་ཡིད་དབང་བཀུག་སྟབས། ཐད་གཏོང་ཁང་དུ་སློབ་མ་མང་པོས་བསྐུལ་བའི་དྲི་བ་ཟམ་མི་ཆད་པར་འབྱོར་གྱི་ཡོད།

“ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མ་ནང་སར་ལས་ཞུགས་བྱེད་པར་སྐུལ་མ་གཏོང་ཆེད། རང་སྐྱོང་ལྗོངས་ཀྱིས་ལྗོངས་ཕྱིའི་ཁེ་ལས་ལ་ལས་ཞུགས་བྱེད་མཁན་མཐོ་སློབ་སློབ་ཐོན་སློབ་མར་ཁ་གསབ་སྤྲོད་པའི་སྲིད་ཇུས་བཏོན་པ་སྟེ། ལྗོངས་ཕྱིའི་ཁེ་ལས་དང་ངལ་རྩོལ་གན་རྒྱའམ་ལས་ཞུགས་གྲོས་མཐུན་ཡི་གེ་ལོ་གསུམ་ཡན་འཇོག་མཁན་མཐོ་སློབ་སློབ་ཐོན་སློབ་མར་སྤྲོད་ཐེངས་གཅིག་ལ་ལམ་དངུལ་སྒོར་2000དང་ཁྱིམ་གཞིས་འཛུགས་པའི་ཁ་གསབ་འགྲོ་གྲོན་སྤྲོད་ཐེངས་གཅིག་ལ་སྒོར་8000སྤྲོད་པ་མ་ཟད། ལོ་གསུམ་བསྟུད་མར་ལོ་ལྟར་འཁོར་ཞག་ཏུ་འགྲོ་བའི་ལམ་དངུལ་ཁ་གསབ་སྒོར་6000སྤྲོད་ཀྱི་ཡོད།

འཁྱུག་དབྱིངས་ཐད་གཏོང་ཁང་གི་སྒྲོག་འགྲེལ་འདུ་ཚོགས་ཐོག་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་གྲྭ་དང་ཁེ་ལས་མཉམ་ལས་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་སུན་ཧོན་མིང་གིས་ཐད་གཏོད་ཁང་ནས་སློབ་ཐོན་སློབ་མའི་དྲི་བར་ལན་བཏབ་སྟེ་དོགས་གཞི་མང་པོ་བསལ་བ་རེད།

ཀྲུང་གོ་མཚོ་སྣུམ་ཀུང་སིའི་གཤམ་འོག་གི་ཐེན་ཅིང་ཡན་ལག་ཀུང་སི་དང་། ཧྲེན་ཅང་ཡན་ལག་ཀུང་སི། མཚོ་སྣུམ་འཕེལ་རྒྱས་ཀུང་སི། མཚོ་སྣུམ་ལས་གྲྭ། རླངས་གློག་ཚོགས་པ། ཀྲུང་གོ་རྒྱ་མཚོའི་རྫས་འགྱུར། ཀྲུང་གོ་རྒྱ་མཚོའི་བཙོ་སྦྱང་། ཀྲུང་གོ་རྒྱ་མཚོའི་རྡོ་སྣུམ་ཞབས་ཞུ། རྒྱ་མཚོ་རྡོ་སྣུམ་ཕྱིར་གཏོང་ནང་འདྲེན། ཀྲུང་གོ་མཉམ་འབྲེལ་བཅས་ཀྱི་ཀུང་སིའི་འགན་འཁུར་བས་དྲ་ཐོག་ནས་སྒྲོག་འགྲེལ་འདུ་ཚོགས་གཉེར་ཏེ་སློབ་ཐོན་སློབ་མར་ཁེ་ལས་དང་ལས་གནས་སྐོར་གྱི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད།

ཐེམ་ཁུངས་བོད་ནས་ཡིན་པའི་ལས་ཞུགས་མ་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་མ་གཏོང་ཆེད། ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཀུང་སིས་ལས་ཞུགས་དབུལ་སྐྱོར་གྱི་བོད་སྐྱོར་ལས་དོན་ཧུར་ཐག་བསྒྲུབས་པ་དང་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རམ་འདེགས་བྱས་ནས་ཚོགས་སྒྲིག་རྣམ་པའི་ཐོག་ནས་ནང་སའི་མཚོ་རྒྱུད་དུ་ལས་ཞུགས་བྱེད་པར་སྐྱོད་པའི་བྱ་སྤྱོད་ལོ་གསུམ་བསྟུད་མར་སྤེལ་རྒྱུ་ཡིན་པ་དང་། ལོ་ལྟར་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་50ནས་100བར་ལས་ཞུགས་ཐུབ་པ་བྱེད་རྩིས་ཡོད་པ་རེད།