《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月15日

མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་ཆེད།

—— སྒྱུར་བཅོས་སྤྱི་འདོམས་སུ་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་གྱིས་འདི་ལོའི་སློབ་གསོའི་ལས་དོན་ལ་རྣམ་པ་གསར་པ་གཏོད་རེ་ཡོད་པ།

2019ལོ་ནི་ལྷོ་ཁའི་སློབ་གསོར་མཆོང་སྐྱོད་ཆེན་པོ་དང་འཕེལ་རྒྱས་ཆེན་པོ་བྱུང་བའི་ལོ་ཞིག་དང་། གཡུར་ཟའི་གྲུབ་འབྲས་ཐོབ་པའི་ལོ་ཞིག་རེད། 2020ལོར་ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་མུ་མཐུད“ཁ་ཕྱོགས་ལ་སྟངས་འཛིན་དང་། དོ་དམ་ལ་དམ་འཛིན། སྤུས་ཚད་མཐོར་གཏོང”བཅས་ཀྱི་ལས་ཀའི་བསམ་ཕྱོགས་ལ་གཞིགས་ཏེ། སློབ་གསོ་སྒྱུར་བཅོས་ཟབ་གཏོང་གི་བཞི་ཅན་འདུ་འགོད་19སྤྱི་འདོམས་སུ་བྱེད་པ་དང་། གཙོ་གནད་ལ་དམ་འཛིན་དང་གཙོ་གནད་དམ་འཛིན་བྱེད་པ། སློབ་གསོ་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བར་གཞོལ་ཡོད།

སློབ་གཉེར་གྱི་ཆ་རྐྱེན་མུ་མཐུད་ལེགས་སུ་བཏང་བ།

སློབ་གསོར་རྒྱུན་མཐུད་མ་དངུལ་གཏོང་བ་དེ་ས་གནས་ཤིག་གི་སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་འགྲོ་མིན་ལ་གདེང་འཇོག་བྱེད་པའི་ཚད་ཤིང་གལ་ཆེན་ཞིག་རེད།

ལྷིང་འཇགས་ཤིང་སྐྱིད་སྣང་དོད་པའི་སློབ་གྲྭའི་ཁོར་ཡུག་དང་། འཐུས་སྒོ་ཚང་བའི་སློབ་ཁྲིད་སྒྲིག་བཀོད། སྒྲོག་ཙེ་དང་རྐུབ་སྟེགས་གསར་རྐྱང་སོགས་ད་ཆ་གྲོང་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་ཁག་གམ་ཡང་ན་ཤང་དང་གྲོང་རྡལ་གྱི་སློབ་གྲྭ་འབྲིང་ཆུང་ཁག་གང་ཞིག་ཡིན་རུང་། ལྷོ་ཁ་གྲོང་ཁྱེར་གྱི་སློབ་གྲྭ་ཁག་གི་སློབ་གཉེར་གྱི་ཆ་རྐྱེན་ལེགས་སུ་ཞེ་དྲག་སོང་ཡོད།

“སློབ་གསོ་འཕེལ་རྒྱས་གཏོང་བར་མ་དངུལ་ནི་འགག་རྩ་རེད” ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་འགོ་ཁྲིད་དང་རྒྱབ་སྐྱོར་དང་། སྡེ་ཚན་ཁག་དབར་མཉམ་ལས་བྱས་པ་བརྒྱུད། ད་ཆའི་ཡར་ཀླུང་ས་གཞི་ཆེ་མོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭའི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། 2020ལོར་ལྷོ་ཁ་གྲོང་ཁྱེར་གྱིས་མུ་མཐུད“སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི”འཐབ་ཇུས་ཀྱི་གནས་བབ་མཐའ་འཁྱོངས་དང་། ཚན་རིག་དང་མཐུན་པའི་བཀོད་སྒྲིག་འཆར་འགོད། སློབ་གསོར་གཏོང་ཆ་མང་དུ་གཏོང་བ་བཅས་བྱས་པས། སློབ་ཞུགས་གོང་གི་སློབ་གསོ་དང་གྲོང་ཁུལ་གྱི་སློབ་གྲྭ་འཛུགས་སྐྲུན་ནས་གྲོང་གསེབ་ཀྱི་སློབ་གྲྭའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བའི་བར། སློབ་གཉེར་གྱི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད།

སློབ་གསོའི་སྒྲིག་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་བ།

སྒྱུར་བཅོས་ནི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་ཤིག་རེད། སློབ་གསོ་སྒྱུར་བཅོས་དང་གསར་གཏོད་གཏིང་ཟབ་རྒྱུན་ཆད་མེད་པར་བྱས་ཚེ། གཞི་ནས་སློབ་གསོ་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ལེགས་སུ་དང་ཇི་ཙམ་གཉེར་བ་དེ་ཙམ་གྱིས་སྟོབས་ཆེར་འགྲོ་ཐུབ།

དགེ་སྒྲུབ་ཀྱི་རྩ་བ་སློབ་གསོ་དང་སློབ་གསོའི་རྩ་བ་དགེ་རྒན་ལ་ཐུག་ཡོད། ཞི་མཐུན་ཤེས་དཔལ་གྱི་མཛེས་སྡུག་ལྡན་པའི་ལྷོ་ཁ་སྐྲུན་པར་དགེ་རྒན་ཡག་པོ་དགོས་ལ་དགེ་རྒན་ཡག་པོ་གསོ་སྐྱོང་ཡང་བྱེད་དགོས།

སློབ་གསོའི་ཁོངས་གཏོགས་ཀྱི་མི་དོན་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། དགེ་རྒན་གྱི་གོ་མིང་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་ལག་བསྟར། དགེ་རྒན་གྱི་ཁ་གསབ་སྤེལ་རེས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དགེ་རྒན་གྱི་ལས་སྒོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དགེ་རྒན་དང་ལས་བཟོའི་སྒྲིག་ཁོངས་ཀྱི་ཚད་གཞི་གཅིག་གྱུར་བཟོ་བ་སོགས་སྲིད་ཇུས་ཀྱི་བྱེད་ཐབས་མང་དག་ཅིག་གིས་དགེ་རྒན་ལ་ཕན་བདེ་བསྐྲུན་ཡོད་པ་རེད།

བྱང་ཚད་སློབ་གསོ་མི་སེམས་སུ་ཟུག་པ།

སློབ་གྲྭས་སྤྱི་ཚོགས་ཀྱི་ཆེད་དུ་ཕྲུ་གུ་གང་འདྲ་ཞིག་གསོ་སྐྱོང་བྱས་ན། སྤྱི་ཚོགས་ཀྱིས་ཀྱང་ང་ཚོར་འབྱུང་འགྱུར་དེ་འདྲ་ཞིག་གཏོད་སྲིད། ཉེ་བའི་ལོ་ཤས་ནང་། གྲོང་ཁྱེར་ཡོངས་ཀྱིས་སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བའི་བརྗོད་དོན་གཙོ་བོར་དམིགས་ནས་བྱང་ཚད་སློབ་གསོ་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་སློབ་གསོ་འཕེལ་རྒྱས་གཏོང་བའི་འདུ་ཤེས་དང་། སློབ་གྲྭས་མི་སྣ་གསོ་སྐྱོང་བྱེད་པའི་འདུ་ཤེས། ཤེས་ལྡན་པ་གསོ་སྐྱོང་གི་འདུ་ཤེས་བཅས་ལ་འགྱུར་ལྡོག་བཏང་སྟེ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་གཞི་རྩའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད།

2020ལོར་ལྷོ་ཁ་གྲོང་ཁྱེར་སློབ་གསོ་སྡེ་ཚན་གྱིས་སྤྱི་ཚོགས་ཀྱི་སློབ་ཁང་ཆེ་མོ་དང་བསམ་བློ་ཆབ་སྲིད་ཀྱི་སློབ་ཁང་ཆུང་ངུའི་མཐུན་སྦྱོར་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས“ལག་གདང་སྦྲེལ་བའི”བྱེད་སྒོ་དང་གསུང་རྩོམ་སྒྲོག་སྦྱང་གི་རྒྱང་བསྒྲགས་ཆུང་ངུའི་འདུ་འགོད་ལ་སྐུལ་འདེད་བཏང་སྟེ་ཀུན་སྤྱོད་དང་། ཤེས་ཡོན། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ལ་གཞོལ་བཞིན་ཡོད།

ཚོད་ལྟའི་སློབ་ཆུང་དུ་ཉིན་ལྟར་གྱི་ཞོགས་ཀློག་སྐབས་ཕྲུ་གུ་ཚོ་དཔེ་དེབ་ནོར་བུའི་གླིང་ལ་རོལ་ནས་སྙན་ངག་ཀློག་པའི་སྒྲ་ལྷང་ལྷང་དུ་ཐོས་རྒྱུ་འདུག

“དཔེ་དེབ་ནི་ཕྱི་ཐག་རིང་ཤོས་ཀྱི་གྲོགས་པོ་རེད”ལྷོ་ཁ་གྲོང་ཁྱེར་གྱིས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་དཔེ་དེབ་ཀློག་པའི་ལག་ལེན་དངོས་ཀྱི་བྱེད་སྒོ་སྤེལ་བ་ལས་རྒྱ་ཆེའི་སློབ་མ་ཚོར་སློབ་སྦྱོང་གི་གོམས་གཤིས་བཟང་པོ་འཇགས་པ་མ་ཟད། ད་དུང་སློབ་མ་ཚོའི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་ཡང་ཟབ་ཏུ་སོང་བ་དོན་དངོས་ལས་ར་སྤྲོད་བྱུང་ཡོད།

(སྐལ་མཆོག་དང་བདེ་སྐྱིད་ཀྱིས་སྒྱུར་ཞུས་བྱས)