《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月15日

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་བོད་འབྲེལ་ཕྱི་དོན་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཟླ་5ཚེས་13ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་བོད་འབྲེལ་ཕྱི་དོན་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་ནས་བོད་དང་འབྲེལ་བ་ཡོད་པའི་ཕྱི་ཕྱོགས་ལས་དོན་གྱི་ཇུས་ཆེན་ལ་ལྷན་དུ་གྲོས་མོལ་གནང་བ་རེད།

ཕྱི་འབྲེལ་པུའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཆི་ཡུས་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གསུང་བཤད་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་ལྗོངས་ཀྱི་འཕེལ་རྒྱས་བརྟན་ལྷིང་དང་ཕྱི་ཕྱོགས་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་གཞོན་པ་ལི་ཅུན། ཕྱི་འབྲེལ་པུའི་པུའུ་ཀྲང་ལས་རོགས་ཁྲེན་ཞའོ་ཏུང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཀྲང་ཞུའེ་ཅེ་དང་། ནོར་བུ་དོན་གྲུབ། བསྟན་ཁོ། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི་བཅས་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།

ཝུའུ་དབྱིང་ཅེས། དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་མཐུན་སྦྱོར་ཚོགས་ཆུང་གི་བོད་འབྲེལ་ཕྱི་དོན་བརྟག་ཞིབ་ཚོགས་ཆུང་དང་བཅས་པར་དགའ་བསུ་ཞུས་པ་དང་། ཕྱི་འབྲེལ་པུའུ་སོགས་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་པུའུ་ཨུད་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་བོད་ལྗོངས་ནི་དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་ངོས་ནས། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་ཐོབ་ཡོད། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་ཕྱོགས་གཏན་འཁེལ་དང་ཐབས་ཇུས་ཞིབ་ཚགས་བཀོད་ནས་དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་དགོངས་པ་དང་། དམིགས་ཚད་ལས་འགན། རྩ་དོན་གལ་ཆེན། དམིགས་ས་དང་ཤུགས་རྒྱག་གཞི། འགོ་འཛུགས་ས་དང་དོན་ལ་བབས་ས་བཅས་ཁ་གསལ་བཏོན་གནང་བ་དང་། སྔ་རྗེས་སུ་བོད་ཀྱི་ལས་དོན་ཐད་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ། རྣམ་གྲངས་གལ་ཆེན་རབ་དང་རིམ་པ་འཆར་འགོད་གནང་བ། དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་འབེབས་གནང་བ་བཅས་བརྒྱུད། གོ་རིམ་ལྡན་ལ་ཆ་ཚང་བའི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་གྲུབ་ནས་རང་རེའི་ཏང་གི་མཐའ་སྐྱོང་བོད་སྐྱོང་གི་རིགས་པའི་གཞུང་ལུགས་སྔར་བས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཕྱིན་ཡོད། དེ་དང་ཆབས་ཅིག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱ་གར་དང་ནེ་པ་ལར་འཚམས་འདྲིར་ཕེབས་པའི་གྲུབ་འབྲས་དོན་འཁྱོལ་ནན་ཏན་དང་བོད་ཀྱི་ས་གནས་ཀྱི་ཕྱི་ཕྱོགས་ལས་དོན་ཧུར་ཐག་བསྒྲུབས་ནས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྤྱི་ཡོངས་ལ་ཞབས་འདེགས་ནུས་ལྡན་ཞུ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བ་དང་། རིམས་ནད་ཕྱི་ནས་མ་འགོས་པ་དང་ནང་དུ་མ་ཁྱབ་པ་མཐའ་འཁྱོངས་བྱས་ཏེ་མངའ་ཁོངས་ཕྱི་ནས་རིམས་ནད་འགོ་རྒྱུ་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་ལས་དོན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་འགྱུར་ལྡོག་གཏིང་ཟབ་བྱུང་བ་ནི་གཙོ་བོ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་བརྟེན་ནས་ཐོབ་པ་ཞིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཏང་གི་བོད་སྐྱོང་མཛད་ཇུས་ལ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ་དང་། དར་ཆ་གསལ་སྟོན་གྱི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། ངོས་འཛིན་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) འགན་འཁྲི། བྱ་ཐབས། དོན་འཁྱོལ་བཅས་དམིགས་སར་འབྱོར་བ། བོད་ཀྱི་ལས་དོན་ཁག་ལ་ཁ་ཕྱོགས་དང་། གཏིང་ཤུགས། གདེང་ཚོད་བཅས་ལྡན་པར་བྱས་ཚེ། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱུང་ཡོད་ཅེས་གསུངས་པ་རེད།

ཝུའུ་དབྱིང་ཅེས། བོད་དང་འབྲེལ་བ་ཡོད་པའི་ཕྱི་ཕྱོགས་ལས་དོན་ནི་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་དང་བཀོད་སྒྲིག་འོག་དང་ཕྱི་འབྲེལ་པུའུ་སོགས་འབྲེལ་ཡོད་པུའུ་ཨུད་ཀྱི་མཛུབ་ཁྲིད་ནུས་ལྡན་འོག འབྲེལ་ཡོད་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ཏེ། བོད་འཕེལ་རྒྱས་བརྟན་ལྷིང་ཡོང་ཆེད་ཁོར་ཡུག་བཟང་པོ་བཏོད་ནས་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་ཕྱི་འབྲེལ་སྤྱི་ཡོངས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཆི་ཡུས་ཀྱིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་ཀྱི་ཁྲིད་སྟོན་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་། བོད་དང་འབྲེལ་བ་ཡོད་པའི་ཕྱི་ཕྱོགས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་མི་རྣམས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད། བོད་དང་འབྲེལ་བ་ཡོད་པའི་ཕྱི་ཕྱོགས་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་བོད་ཀྱི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཕྱི་འབྲེལ་གྱི་ལྷུ་ཚིགས་གལ་ཆེན་ཞིག་ཀྱང་ཡིན་པས། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས“སྤྱི་ཡོངས་གཉིས”ཀྱི་ཁྲོད་བོད་དང་འབྲེལ་བ་ཡོད་པའི་ཕྱི་ཕྱོགས་ལས་དོན་ལ་སྤྱི་འདོམས་ཇུས་འགོད་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས། བོད་དང་འབྲེལ་བ་ཡོད་པའི་འཐབ་རྩོད་ཀྱི་རྙོག་འཛིང་དང་ཛ་དྲག་གི་དུས་བབ་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་ཏན་ཏིག་བྱེད་དགོས། བོད་ཀྱིས་ཉེ་འཁོར་དང་མཉམ་ལས་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། རང་རྒྱལ་བདེ་འཇགས་ཀྱི་ལྷོ་ནུབ་སྲུང་ཡོལ་བརྟན་པོ་བསྐྲུན་དགོས། བོད་ཀྱི་ཕྱི་ཕྱོགས་སྒོ་དབྱེར་ཞབས་འདེགས་སྔར་བས་ཡག་པོ་ཞུ་དགོས། མཐའ་མཚམས་བརྟན་ལྷིང་དང་སྲ་བརྟན་གྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱེད་དགོས། རིག་སྟོབས་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ཀྱི་ཕྱི་ཕྱོགས་ལས་དོན་ལ་སྔར་བས་རྒྱབ་སྐྱོར་དང་ཞབས་འདེགས་ཡག་པོ་ཞུ་དགོས་ཞེས་གསུངས་པ་རེད།

(པ་ཚེ་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)