《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月15日

སྡེ་ཁུལ་གྲོང་མིའི་སྙིང་ཉེ་བ་བློ་བཟང་ཕུན་ཚོགས།

“སྡེ་ཁུལ་ནི་ཏང་ཡོན་དང་མང་ཚོགས་ཀྱིས་ཆེས་གཞི་རིམ་དུ་ལས་དོན་སྒྲུབ་སའི་སྒྲིག་གཞི་ཞིག་རེད་ལ། སྲིད་གཞུང་དང་མང་ཚོགས་དབར་གྱི་སྦྲེལ་ཐག་དང་སྦྲེལ་ཟམ་ལྟ་བུ་ཞིག་ཀྱང་རེད། ལས་དོན་དངོས་ཀྱི་ཁྲོད་རང་ཉིད་ཐོག་མཐའ་བར་གསུམ་དུ་ཞབས་འདེགས་ཞུ་མཁན་ཞིག་ལ་བརྩི་དགོས”ཞེས་པ་འདི་ནི་ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་བདེ་སྐྱིད་ཁང་གསར་སྡེ་ཁུལ་གྲོང་ལྷན་གྱི་ཀྲུའུ་རེན་བློ་བཟང་ཕུན་ཚོགས་ཀྱིས་རྟག་ཏུ་བརྗོད་པའི་སྐད་ཆ་ཞིག་རེད།

བདེ་སྐྱིད་ཁང་གསར་སྡེ་ཁུལ་དུ་དུད་ཚང་683གྱི་མི་2998སྡོད་ཀྱི་ཡོད་པ་ལས། མང་ཆེ་བ་ཆབ་མདོ་གྲོང་ཁྱེར“ས་ངན”ཁུལ་ནས་སྤོས་པ་ཞིག་རེད། བློ་བཟང་ཕུན་ཚོགས་ཀྱིས་སྡེ་ཁུལ་གྲོང་ལྷན་གྱི་ཀྲུའུ་རེན་གྱི་འགན་ཁུར་ཚུན། ཡུལ་གཞན་དུ་གནས་སྤོས་ཁྱིམ་ཚང་གི་ལས་ཞུགས་དང་སློབ་ཞུགས་སོགས་ཀྱི་དོན་དངོས་གནད་དོན་ཐག་གཅོད་བྱེད་རོགས་ཧུར་ཐག་བྱས་ཏེ། སྡེ་ཁུལ་གྱི་ལས་དོན་ལ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་གྱི་ཡོད།

2018ལོའི་ཟླ་4པར་འདམ་གཞུང་རྫོང་ཀོང་ཐང་ཤང་གྲོང་དཀར་གྲོང་ཚོའི་གྲོང་མི་བློ་བཟང་ཕུན་ཚོགས་ཀྱིས་ནང་མི་དང་བཅས་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་ས་ཚིགས་བདེ་སྐྱིད་ཁང་གསར་ཁུལ་ཆུང་དུ་སྤོས་པ་རེད། གནས་སྤོས་ས་ཚིགས་སུ་འབྱོར་རྗེས་ཁོང་གིས་སྡེ་ཁུལ་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་རང་འགུལ་ངང་ལས་དོན་ཁག་སྤེལ་བས་ཁོང་གི་ལས་ཀའི་འཇོན་ཐང་དང་ལྷག་བསམ་རྣམ་དག་ལ་སྡེ་ཁུལ་མང་ཚོགས་ཚོས་ཁས་ལེན་བྱས་པས་2018ལོའི་ཟླ་10པར་བློ་བཟང་ཕུན་ཚོགས་གྲོང་མི་ཚོས་གྲོང་ལྷན་གྱི་ཀྲུའུ་རེན་ལ་བདམས་པ་རེད།

གནས་སྤོས་མང་ཚོགས་ནས་གྲོང་ལྷན་གྱི་ཀྲུའུ་རེན་བར་བློ་བཟང་ཕུན་ཚོགས་ཀྱིས་འགན་འཁྲི་ནི་གཟི་བརྗིད་ཡིན་པ་ཚོར་བ་མ་ཟད། འགན་འཁྲི་ལྕི་པོ་ཡིན་པ་སེམས་ལ་དེ་བས་གཏིང་ཟབ་ཚོར་ཡོད། ཀྲུའུ་རེན་གྱི་འགན་ཁུར་རྗེས། བློ་བཟང་ཕུན་ཚོགས་ཀྱིས་ཁེངས་སྐྱུང་ངང་ལས་ཀའི་ཐད་གཞན་ལ་སྐད་ཆ་འདྲི་བ་དང་ལྷག་དོན་དུ་ཆབ་སྲིད་དང་ཁྲིམས་སྲོལ་རིགས་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་རིགས་ཁོང་གིས་བརྒྱུད་རིམ་ཧྲིལ་པོ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡོད་པ་རེད།

གྲོང་མི་ཚོ་བདེ་སྡོད་ཐུབ་པ་མ་ཟད་དེ་བས་ལས་བརྩོན་ཐུབ་པའི་འགན་ལེན་བྱ་ཆེད། བློ་བཟང་ཕུན་ཚོགས་གནས་སའི་སྡེ་ཁུལ་གྲོང་ལྷན་གྱིས་མང་ཚོགས་ཀྱི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་གནས་བབ་ཨང་དང་པོར་བཞག་ནས་ཆེད་མངགས་ལས་ཞུགས་མཐུན་སྦྱོར་གཞུང་ལས་ཁང་བཙུགས་ཏེ་བདེ་སྐྱིད་ཁང་གསར་སྡེ་ཁུལ་གྱི་བུད་མེད་130ལྷག་ཙམ་ལ་མཐུན་སྦྱོར་གྱིས་ལས་ཞུགས་ཐག་གཅོད་བྱས་པས་ཁོ་ཚོ་དཔལ་འབྱོར་གསར་སྤེལ་ཁུལ་གྱི་གད་པར་གྱུར་ཡོད། དེ་དང་ཆབས་ཅིག་ཡུལ་གཞན་དུ་གནས་སྤོས་མང་ཚོགས་ཀྱི་ཕྲུ་གུ་སློབ་གྲྭར་སྐྱོད་པའི་སེམས་ཁྲལ་སེལ་བ་དང་། མང་ཚོགས་ཚོ་ནུས་ཤུགས་ཡོད་རྒུས་ལས་ཀ་བྱེད་ཐུབ་པ། བློ་གཅིག་སེམས་གཅིག་གིས་རང་ངོས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཐུབ་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་ཐུབ་པ་བཅས་བྱ་ཆེད་གྲོང་ལྷན་གྱིས་ད་དུང་སློབ་འཁོར་3ཉོས་ནས་ཁུལ་ཆུང་གི་སློབ་མ་བསུ་སྐྱེལ་བྱེད་ཀྱི་ཡོད་པ་དང་སློབ་འཁོར་རེར་སློབ་མ་སྐྱེལ་རོགས་བྱེད་མཁན་མི་གཉིས་རེ་བཀོད་སྒྲིག་བྱས་ཡོད་པ་རེད།

“བདེ་སྐྱིད་ཁང་གསར་སྡེ་ཁུལ་དུ་སྤོས་རྗེས། ང་ཚོ་ནང་མི་ཚོ་སྨི་ངོས་གྲུ་86ཟིན་པའི་ཁང་པར་སྡོད་ཀྱི་ཡོད། ད་ཆའི་འཚོ་བ་ཡག་པོ་ནི་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་གནང་བ་ཞིག་ཡིན་པ་ངས་གསལ་པོ་ཤེས་ཀྱི་འདུག ང་རང་ཏང་ཡོན་ཞིག་གི་ངོས་ནས་མང་ཚོགས་ཀྱིས་ངར་ཡིད་ཆེས་དང་ང་གྲོང་ལྷན་གྱི་ཀྲུའུ་རེན་ལ་བདམས་པས་ངས་ངེས་པར་དུ་ནུས་པ་གང་ལེགས་བཏོན་ཏེ་མང་ཚོགས་ཀྱི་ཡིད་ཆེས་ཆུད་ཟོས་སུ་གཏོང་གི་མིན”ཞེས་བློ་བཟང་ཕུན་ཚོགས་ཀྱིས་བཤད།