《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月15日

གནས་སྤོས་ནས་འབྱོར་འབྲིང་ལམ་བུ་གཏོད། ལག་འགུལ་ནས་བདེ་སྐྱིད་འཚོ་བ་བསུ།

——— ཁྲེང་ཀོན་ཆུས་དྲིན་ཚོར་གླིང་སྡེ་ཁུལ་གྱི་མཐོང་ཐོས།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་ས་ཚིགས་ཏེ། དྲིན་ཚོར་གླིང་སྡེ་ཁུལ་དུ་ཁྲེང་ཀོན་ཆུས་དང་། ལྷུན་གྲུབ་རྫོང་། མཁའ་འགྲུལ་ཁུལ་གསར་བཅས་ཀྱི་དུད་ཚང་764ཡི་མང་ཚོགས་3188གནས་སྤོས་ཡོད། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་མཁན་མང་ཚོགས“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད། དྲིན་ཚོར་གླིང་སྡེ་ཁུལ་གྱིས་དུད་ཚང་དབུལ་པོའི་གནས་ཚུལ་མཐིལ་རྟོགས་བྱས་ཏེ་སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། མང་ཚོགས་གྱི་སྨན་བཅོས་དང་སློབ་ཞུགས། ལས་ཞུགས་བཅས་ཀྱི་རོགས་སྐྱོར་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་བས་མང་ཚོགས་རྣམས་ཟས་གོས་གཉིས་འཛོམས་དང་བདེ་སྡོད་ལས་བརྩོན་གྱི་འབྱོར་འབྲིང་འཚོ་བའི་འདུན་པ་མངོན་འགྱུར་བྱུང་ཡོད།

ལས་ཞུགས་ལ་ཐབས་ལམ་ཡོད་པ།

ཟླ་སྒོར་ནི་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དྲིན་ཚོར་གླིང་སྡེ་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་དུད་ཚང་རེད་ལ། སྡེ་ཁལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཀྱང་རེད། ཁོང་དེ་སྔ་ཀེག་ཚོང་ཁང་ཞིག་ཏུ་ལས་ཀ་ལོ་8བྱེད་མྱོང་ཡོད། ལོ་8རིང་ལས་ཀ་ཧུར་ཐག་བྱས་པས་ད་ཆ་ཁོང་ཀེག་བཟོ་མཁན་མཁས་པར་གྱུར་པ་མ་ཟད། ཕྱིས་སུ་རང་ཉིད་ཀྱིས་ལས་གཏོད་བྱེད་པར་རྨང་གཞིའང་བཏིང་ཡོད། 2018ལོའི་ཟླ་10པར་ཁྱོ་ཤུག་གཉིས་ཀྱིས་དབུལ་སྐྱོར་ཡིད་རྟོན་དངུལ་བུན་གཡར་བ་དང་དགའ་ཉེ་སྤུན་མཆེད་ཀྱི་ས་ནས་གཡར་བའི་དངུལ་གྱིས་མ་རྩ་བྱས་ཏེ་ཚོང་ཁང་ཞིག་གླས་པ་དང་སྒྲིག་ཆས་དང་རྒྱུ་ཆ་སོགས་ཉོས་ནས་ཀེག་ཚོང་ཁང་བཙུགས། ད་ཆ་ཟླ་རེར་ཡོང་འབབ་སྒོར་ཁྲི་ལྷག་ཙམ་རག་གི་ཡོད།

“ང་ཚོ་ནི་གྲོང་གསེབ་ནས་སྤོས་པ་ཡིན་ཙང་། རིག་གནས་དང་ལག་རྩལ་གང་ཡང་ཤེས་ཀྱི་མེད། ད་ཆ་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཕྱིན་པར་བརྟེན་ང་ཚོར་ཡང་ལས་ཀ་རག་ནས་ཉིན་རེར་གླ་ཆ་སྒོར་100ལྷག་ཙམ་ཡོད་པ་དང་ཟླ་རེར་གླ་ཆ་སྒོར་3000ལྷག་ཙམ་ཡོད”ཅེས་གླ་ཚེར་འདེབས་བཞིན་པའི་ཕུན་ཚོགས་ཀྱིས་གསར་འགོད་པར་བཤད། ཕུན་ཚོགས་ཀྱིས་ལས་ཀ་བྱེད་བཞིན་པ་ནི་སྡེ་ཁུལ་གྱི་ཁྲེང་ལིན་དབུལ་སྐྱོར་གནས་སྤོས་དམངས་ཕན་སྔོ་འགྱུར་ཚད་ཡོད་ཀུང་སིའི་རང་ཚུགས་ལག་བསྟར་རྣམ་གྲངས་དང་པོ་ཡིན་པ་དང་མུའུ་500ཙམ་གྱི་སར་གླ་ཚེར་བཏབ་ཡོད།

ཉེ་བའི་ལོ་ཤས་རིང་སྡེ་ཁུལ་གྱིས་ཁྲེང་ཀོན་ཆུས་ཀྱི་ཁེ་ལས་དང་། ཀུང་སི། ཚན་པ་བཅས་དང་འབྲེལ་བ་ཡང་སེ་བྱས་ཏེ། “དུད་ཚང་གཅིག་ལ་ལས་གནས་གཅིག་དང་དུད་ཚང་གཅིག་ལ་ལས་གནས་མང་བའི”བྱེད་ཐབས་གཞིར་བཟུང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་མཁན་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པར་བྱས་ནས་ཚང་མ་འབབ་འཕར་ཕྱུར་འགྱུར་ཡོང་ཐབས་བྱས་པ་རེད།

སྨན་བཅོས་ལ་སེམས་ཁྲལ་མེད་པ།

གནས་སྤོས་མང་ཚོགས་ནད་གཞིས་རྐྱེན་པས་དབུལ་པོ་བསྐྱར་ལོག་གི་གནས་ཚུལ་མི་ཐོན་པའི་ཆེད། དྲིན་ཚོར་གླིང་སྡེ་ཁུལ་གྱིས་སྨན་བཅོས་དམངས་ཕན་སྲིད་ཇུས་ཏེ་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནང་དོན་རྣམ་གྲངས་14དང་། སྦྲུམ་མའི་བདེ་སྲུང་། རྒན་རྒོན་གྱི་བདེ་ཐང་འཕྲོད་སྦྱོར། དམིགས་བསལ་ནད་གཞི་སྒོ་བསྟེན་སྨན་ཁང་གིས་བཅོས་པ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་སྡེ་ཁུལ་གྱི་གྲོང་མིའི་གཟུགས་གཞིའི་བདེ་ཐང་ལ་འགན་ལེན་བྱས་ཡོད།

“2016ལོར་ང་ཚོའི་ཁྱིམ་ལྷུན་གྲུབ་རྫོང་ཕུ་མདོ་ཤང་ནས་འདི་གར་སྤོས་པ་ཡིན། ད་ཆ་འཚོ་བ་ཧ་ཅང་སྟབས་བདེ་པོ་འདུག སྤྱི་སྤྱོད་རླངས་འཁོར་གྱི་བབས་ཚུགས་ཀྱང་སྒོ་འགྲམ་དུ་ཡོད་པས་ཕྱིར་སྐྱོད་ཆོག་ཆོག་འདུག དེ་སྔོན་གྲོང་ཚོར་སྡོད་སྐབས་སྨན་པ་བསྟེན་དགོས་བྱུང་ཚེ་ཐག་རིང་པོར་སྐྱོད་དགོས་ཀྱི་ཡོད། ད་ཆ་སྒོ་འགྲམ་ནས་སྨན་བཅོས་ཐུབ་པ་མ་ཟད་སྨན་རིན་ཡང་མང་པོ་འགྲོ་གི་མི་འདུག ལོ་ལྟར་སྨན་དོན་མི་སྣས་སེམས་རྩ་འཁོལ་པོས་དུས་བཀག་ལྟར་ཁྱིམ་དུ་གཟུགས་པོར་བརྟག་དཔྱད་བྱེད་པར་ཕེབས་ཀྱི་འདུག ད་ཆ་ང་ཚོའི་འཚོ་བར་འགན་ལེན་ཡོད་པ་དང་ལག་དངུལ་འབེལ་པོ་ཡོད། དེ་དག་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ལས་བྱུང་བ་ཞིག་རེད”ཅེས་གྲོང་མི་བློ་བཟང་བསྟན་འཛིན་གྱིས་དགའ་བའི་འཛུམ་མདངས་འཕྱུར་བཞིན་བཤད།

“སྡེ་ཁུལ་འཕྲོད་བསྟེན་ས་ཚིགས་ཀྱིས་ལོ་རེར་སྒོ་འགྲམ་དུ་ཞབས་འདེགས་ཐེངས་4ཞུ་བ་ནས་ད་ལྟ་ཐེངས་6བར་སྤར་ཡོད། ཁྱིམ་ཚང་སྨན་པའི་རུ་ཁག་ཚོགས་ཆུང་3ལ་བགོས་ནས་སྡེ་ཁུལ་མང་ཚོགས་ལ་ཁྲག་མངར་ཁྲག་ཤེད་ལྟ་བ་དང་། སྨན་སྤྲོད་པ། གཟུགས་པོར་བརྟག་དཔྱད་བྱེད་པ། བདེ་ཐང་བློ་འདྲི་སོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད། མང་ཚོགས་ལ་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་འབྲེལ་གཏུག་གཱ་སྤྲད་ནས་འགྲོ་སྐྱོད་སྟབས་བདེ་མེད་པའི་མང་ཚོགས་ཀྱིས་ཁ་པར་བརྒྱབ་ཚེ་སྨན་པས་ཁྱིམ་དུ་སྨན་བཅོས་བྱེད་པར་ཡོང་གི་ཡོད”ཅེས་སྡེ་ཁུལ་འཕྲོད་བསྟེན་ས་ཚིགས་ཀྱི་ཀྲན་ཀྲང་རྡོ་རྗེ་འཕྲིན་ལས་ཀྱིས་དེ་ལྟར་བཤད།

འཚོ་བ་ལ་ངོ་མཚར་ལྡན་པ།

ཟླ་བ་ནི་དྲིན་ཚོར་གླིང་སྡེ་ཁུལ་གྱི་བདེ་སྲུང་བ་ཞིག་ཡིན་པ་དང་ཁོང་གི་བཟའ་ཟླ་ནི་སྡེ་ཁུལ་གྱི་གད་པ་ཞིག་རེད། “སྡེ་ཁུལ་གྱི་ལས་དོན་མི་སྣའི་ཁྲིད་སྟོན་འོག་ང་ཚོས་ཕྲུ་གུའི་སློབ་གསོར་མཐོང་ཆེན་བྱེད་བཞིན་ཡོད”ཅེས་ཕྲུ་གུའི་སྦྱངས་འབྲས་སྐོར་གླེང་སྐབས་ཟླ་བས་འཛུམ་མདངས་འཕྱུར། ཁོང་གིས་གསར་འགོད་པར“ཉེ་དུས་བཟའ་ཟླའི་གླ་ཕོགས་ཡང་འཕར་བས་ང་གཉིས་ལ་ཟླ་རེར་བསྡོམས་གླ་ཕོགས་སྒོར་6000ཡོད། ལས་ཞུགས་བརྟན་པ་དང་ཕྲུ་གུ་སློབ་གྲྭར་སྐྱོད་ཐུབ་ཙང་སེམས་ལྷོད་ཤིག་ཤིག་འདུག”ཅེས་བརྗོད་བྱུང་།

མང་ཚོགས་ཕྱིར་སྐྱོད་ལས་ཞུགས་ཀྱི་སེམས་ཁྲལ་སེལ་ཆེད། དྲིན་ཚོར་གླིང་སྡེ་ཁུལ་གྱིས་ད་དུང“ཉི་འོད་སློབ་གསོ”དང“བུ་བཅོལ་ལྟེ་གནས”སོགས་སློབ་ཁྲིད་གནས་བཙུགས་ནས་ཕྲུ་གུའི་སློབ་སྦྱོང་གི་སྤྲོ་སྣང་སྐྱེ་སྲིང་དང་ཁོ་ཚོའི་ཁྱད་ཆོས་མངོན་པར་བྱེད་པ། སློབ་གསེང་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད། རེ་གཟའ་སྤེན་པ་དང་ཉི་མ། དེ་བཞིན་གུང་གསེང་སོགས་ལ་སློབ་མར་སློབ་ཚན་ཟུར་ཁྲིད་བྱེད་ཀྱི་ཡོད།

“ང་ཚོས་ད་དུང‘གྲོང་མིའི་མཚན་མོའི་སློབ་གྲྭ’བཙུགས་པ་དང་། མང་ཚོགས་ཀྱི་དགོས་མཁོ་དང་རེ་བར་བསྟུན་ཏེ་གནས་སྤོས་མང་ཚོགས་ལ་དྲ་རྒྱའི་ཆ་འཕྲིན་ཤེས་བྱ་དང་དེ་བཞིན་ཆེད་ལས་ཁ་ལོ་བ་དང་སྐྲ་བཞར་སོགས་ཀྱི་ལག་རྩལ་བསླབས་ཏེ། འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་ཀྱི་ཡོད། བྱེད་ཐབས་དེ་དག་སྤྱད་པར་བརྟེན་མང་ཚོགས་ཀྱི་བསམ་བློའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་འབབ་འཕར་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ཡིད་ཆེས་དང་འཇོན་ཐང་ཡང་ཆེ་རུ་ཕྱིན་ནས་གནས་སྤོས་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་ཇེ་ཡངས་སུ་ཕྱིན་ཡོད”ཅེས་དྲིན་ཚོར་གླིང་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་བསྟན་དར་གྱིས་བཤད།