《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月13日

དབུལ་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས།

—— གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྲུའུ་ཁྲེང་ཁུན་ལ་བཅར་འདྲི་བྱས་པ།

2017ལོའི་ཟླ་10ཚེས་23ཉིན་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་རྫོང་དབུལ་པོ་ནས་ཕྱིར་འཐེན་ཆོག་པའི་མོས་མཐུན་ཐོབ་སྟེ་ལྗོངས་ཡོངས་ཀྱི་དབུལ་ཞྭ་ཕུད་པའི་ཁག་དང་པོའི་རྫོང་5ཡི་གྲས་སུ་ཚུད་པ་དང་། 2018ལོར་གྲོ་མོ་རྫོང་ལ་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་སྒྲིག་འཛུགས་གསར་གཏོད་བྱ་དགའ་ཐོབ་པ་རེད།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། གྲོ་མོ་རྫོང་གིས་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། གཞིས་རྩེ་གྲོང་ཨུད་བཅས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་གནད་སྨིན་ཇུས་བསྟར་དང་གཅིག་སྡུད་འགག་སྒྲོལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཐད་གྲུབ་འབྲས་ཕུལ་བྱུང་བཏོད་ཡོད། ཉེ་ཆར་གསར་འགོད་པས་དབུལ་སྒྲོལ་འགག་སྒྲོལ་སྐོར་ལ་གཞིས་རྩེ་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གྲོ་མོ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྲུའུ་ཁྲེང་ཁུན་ལ་བཅར་འདྲི་བྱས་པ་ཡིན།

“དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་ང་ཚོར་འཕྲད་པའི་དཀའ་ངལ་ཆེ་ཤོས་ནི་ད་ཡོད་ཀྱི་དབུལ་སྐྱོར་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་མེད་པ་དང་། གཞི་ཁྱོན་ཆུང་བ། འཁོར་སྦྲེལ་ཐུང་བ། ཕན་འབྲས་མངོན་གསལ་དོད་པོ་མེད་པ། མང་ཚོགས་ཁག་གཅིག་གི་ནང་གནས་སྒུལ་ཤུགས་མི་འདང་བ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་མང་དུ་གཏོང་བ་དང་། མང་ཚོགས་ལས་ཞུགས་བརྟན་པོ་ཡོང་བ། མུ་མཐུད་ནས་འབབ་འཕར་བྱེད་པ་བཅས་ཀྱི་གནོན་ཤུགས་སྔར་བཞིན་ཆེན་པོ་ཡོད་པ་བཅས་རེད་འདུག”ཅེས་ཧྲུའུ་ཁྲེང་ཁུན་གྱིས་ཐད་ཀར་གནད་དོན་དེ་དག་བཏོན་པ་རེད།

ཧྲུའུ་ཁྲེང་ཁུན་གྱིས། ཐོན་ལས་དབུལ་སྐྱོར་ནི་བཀྲག་མདངས་འཚེར་ས་ཞིག་ཡིན། ང་ཚོས་ཐོན་ལས་འཕེལ་རྒྱས་འཆར་འགོད་དང་ལག་བསྟར་ཇུས་གཞི་བཟོས་ཏེ“རྟེན་གཞི་སྐྲུན་པ་དང་། སྣེ་འདྲེན་སྐྱེད་སྲིང་། གཞི་ཁྱོན་ཆེར་གཏོང་། ཞིང་དུད་སྐུལ་ཁྲིད”བཅས་ཀྱི་ཐོན་ལས་འཕེལ་རྒྱས་བསམ་ཕྱོགས་བཏོན་ནས་ཇོ་མོ་གླང་མའི་ལུག་དང་། ཕག་རིའི་འབྲི་གཡག གྲོ་མོའི་ཉ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་བཏང་ཞིང་། “ཀུང་སི+རྟེན་གཞི+མཉམ་ལས་ཁང+ཞིང་འབྲོག་དུད”གཉེར་སྐྱོང་བཅས་ཟུང་འབྲེལ་གྱི་རྣམ་པ་ལེགས་སུ་བཏང་བ། ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་ཡོད། 2019ལོར་གྲོ་མོ་རྫོང་གི་ཐོན་ལས་ཀྱི་ཕན་འབྲས་ལས་མང་ཚོགས་ལ་ཁེ་སྤོགས་སྒོར་ཁྲི་1680སྤྲད་ཡོད་ཅེས་བརྗོད་བྱུང་།

གོམ་སྟབས་རྗེས་མར་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཇི་ལྟར་སྲ་བརྟན་དུ་གཏོང་དགོས་པའི་ཐད་ཧྲུའུ་ཁྲེང་ཁུན་གྱིས། ང་ཚོས་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་བ། གྲོ་མོའི་འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ་བཅས་བྱ་རྒྱུ་དང་། ཐོན་ལས་དཔལ་འབྱོར་འཕེལ་རྒྱས་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ། དམངས་འཚོ་འགན་ལེན་བྱས་ཏེ་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཆེ་རུ་གཏོང་བ་སོགས་ཐད་མུ་མཐུད་ནས་འབད་བརྩོན་བྱེད་པ་དང་། འཕེལ་རྒྱས་ཀྱི་ཞན་ཆ་དང་ལྷག་དོན་དུ“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་སེལ་བའི་རྨང་གཞིའི་ཐོག དབུལ་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་ནས་སྲ་བརྟན་དུ་བཏང་སྟེ་དབུལ་སྒྲོལ་གྱི་སྤུས་ཚད་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།