《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月09日

“ཉི་མ་དང་བར་ཐག་ཉེ་ཤོས”ཀྱི་དཔྱིད་འདེབས་མཛད་སྒོ།

འདི་ནི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་འོམ་བུ་ཤང་བྱང་ཕྱོགས་གྲོང་ཚོའི་གྲོང་མིས་ཞིང་ཁའི་འགྲམ་དུ་གླུ་ལེན་གར་འཁྲབ་བྱེད་བཞིན་པ།

ཉེ་ཆར། གངས་ལྗོངས་ས་མཐོར་གནས་པའི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་འོམ་བུ་ཤང་བྱང་ཕྱོགས་གྲོང་ཚོས་དཔྱིད་འགོ་ཚུགས་པའི་དུས་ཚིགས་བསུས་ཤིང་། གྲོང་མི་ཚོས་དྭངས་ཆུང་མཚོ་ཡི་འགྲམ་དུ་སྣ་མང་ཕུན་སུམ་ཚོགས་པའི་དཔྱིད་འདེབས་བྱེད་སྒོ་སྤེལ་བ་སྟེ། ལྟད་མོ་ཆེ་བའི་རྟ་རྒྱུག་འགྲན་བསྡུར་དང་། རེ་བའི་མྱུ་གུ་འདེབས་པའི་རྨོ་གཅོག་མཛད་སྒོ གླུ་ལེན་གར་རྩེད་ཀྱི་སྒོར་གཞས་འཁྲབ་པ་སོགས་གྲོང་མི་ཚོས་སྲོལ་རྒྱུན་གྱི་རྣམ་པ་སྤྱད་དེ་དཔྱིད་འདེབས་མཛད་སྒོར་སྨོན་འདུན་ཞུས་ཡོད།

ཉི་མ་རྫོང་ནི་ཉི་མ་དང་བར་ཐག་ཉེ་ཤོས་ཀྱི་ས་ཆ་ཞིག་ཡིན་ཞིང་། མ་གཞི“ཉི་མ་དང་ཐག་ཉེ་ཤོས”ཡིན་ཡང་ལོའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་གོར་འོག་གི་4ལས་མེད་ལ། གནམ་གཤིས་གྲང་ལ་ཆ་རྐྱེན་ཞན་པ་དང་། དཔལ་འབྱོར་གྱི་ཡོངས་ཁུངས་གཙོ་བོ་ནི་འབྲོག་ལས་རེད། འོན་ཀྱང་འོམ་བུ་ཤང་ནི་དྭངས་ར་གཡུ་མཚོ་དང་དྭངས་ཆུང་མཚོ་ཡི་ཉེ་འགྲམ་དུ་ཆགས་ཤིང་། གནམ་གཤིས་ཀྱི་ཤུགས་རྐྱེན་གྱིས་བྱང་རྩྭ་ཐང་དུ་མཐོང་དཀོན་པའི་རྨོ་ཞིང་ཡོད་པ་རེད།

ལོ་58ལ་སླེབས་པའི་གྲོང་མི་སྲི་ཆོས་བཀྲ་རྡོར་ལ་མཚོན་ན་འདི་ལོ་ནི་དཔྱིད་འདེབས་རྟ་རྒྱུག་འགྲན་བསྡུར་བྱེད་སྒོར་ཞུགས་ཐེངས་བདུན་པ་དེ་རེད་ལ། འདི་ལོའང་ཁོང་གིས་བྱ་དགའ་ཨང་དང་པོ་བླངས་པས་མི་རྣམས་ཀྱིས་འཚང་ཁ་ཤིག་ཤིག་གིས་ཁོང་དང་ཁོང་གི་རྟ་ལ་ཁ་བཏགས་གཡོགས།

དཔྱིད་འདེབས་རྟ་རྒྱུག་མཇུག་སྒྲིལ་རྗེས་སྲོལ་རྒྱུན་གྱི་རྨོ་གཅོག་མཛད་སྒོ་འགོ་ཚུགས་ཤིང་། གྲོང་མི་ཚོས་སྲོལ་རྒྱུན་གྱི་རྨོན་མཛོས་གཉིས་འདེབས་ཀྱིས་ཞིང་ཁ་རྨོ་བ་དང་། ལོ་81ལ་སླེབས་པའི་བགྲེས་སོང་ཆོས་དབང་གིས་ནས་ཀྱི་སོན་བཟང་གཏོར་གྱི་ཡོད།

སྔོན་ལ་རྨོན་མཛོས་ཞིང་ཁ་རྨོ་བ་དང་། དེ་རྗེས་སྐར་ལྔའི་དར་དམར་བཙུགས་པའི་དེང་རབས་ཅན་གྱི་འདྲུད་འཐེན་འཕྲུལ་འཁོར་གྱིས་ཁོད་སྙོམས་པའི་ཞིང་ཁ་ལང་ལང་དུ་སློག་ཅིང་། རྨོད་འདེབས་འགོ་ཚུགས་པ་དང་བསྟུན་ནས་འགྲམ་དུ་གཟབ་མཆོར་སྤྲས་པའི་བོད་རིགས་བུད་མེད་དང་ཕོ་གསར་ཚོས་གླུ་ལེན་གར་འཁྲབ་བྱེད་འགོ་ཚུགས།

གཡའ་དག་པའི་དྭངས་ཆུང་མཚོ་ཡི་འགྲམ་དུ་འཕྲུལ་འཁོར་གྱི་འུར་སྒྲ་དང་། གླུ་སྒྲ དགའ་སྤྲོའི་འབོད་སྒྲ་བཅས་མཉམ་དུ་འདྲེས་ནས་དཔྱིད་འདེབས་ཀྱི་མཉམ་སྒྲོག་རོལ་དབྱངས་ཤིག་ཏུ་གྱུར་ཡོད།

← འདི་ནི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གི་དྭངས་ཆུང་མཚོའི་འགྲམ་དུ་གཉེར་བའི་དཔྱིད་འདེབས་མཛད་སྒོའི་ཐོག་འདྲུད་འཐེན་འཕྲུལ་འཁོར་གྱིས་ཞིང་ཁ་རྨོ་བཞིན་པ།

← འདི་ནི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་འོམ་བུ་ཤང་བྱང་ཕྱོགས་གྲོང་ཚོའི་གྲོང་མིས་དྭངས་ཆུང་མཚོའི་འགྲམ་དུ་རྟ་རྒྱུག་འགྲན་བཞིན་པ།

↑ འདི་ནི་འབྲོག་པ་ཚོས་དྭངས་ཆུང་མཚོའི་འགྲམ་དུ་སྒོར་གཞས་འཁྲབ་བཞིན་པ།

↑ འདི་ནི་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་དྭངས་ཆུང་མཚོའི་འགྲམ་དུ་གཉེར་བའི་དཔྱིད་འདེབས་མཛད་སྒོའི་ཐོག་བགྲེས་སོང་ཆོས་དབང་གིས་ནས་ཀྱི་སོན་བཟང་གཏོར་ནས་གསོལ་བ་སྨོན་ལམ་འདེབས་བཞིན་པ།