《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月09日

ཇོ་མོ་གླང་མའི་མཐོ་ཚད་འཇལ་མཁན་རི་འཛེག་རུ་ཁག་ས་བབ་མཐོ་ཚད་སྨི་6500ཡི་མདུན་སྐྱོད་སྒར་སར་འབྱོར་བ།

← འདི་ནི་ཟླ་5ཚེས་7ཉིན་2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་མཁན་རི་འཛེག་རུ་ཁག་ས་བབ་མཐོ་ཚད་སྨི་6500ཟིན་པའི་མདུན་སྐྱོད་སྒར་སར་འབྱོར་ནས་གནས་སྡོད་བྱེད་བཞིན་པ།

↓འདི་ནི་ཇོ་མོ་གླང་མའི་མཐོ་ཚད་འཇལ་མཁན་རི་འཛེག་རུ་ཁག་ས་བབ་མཐོ་ཚད་སྨི་5800ཟིན་པའི་བར་བརྒལ་སྒར་ས་ནས་རྡོག་ཐོན་བྱས་ཏེ་ས་བབ་མཐོ་ཚད་སྨི་6500ཟིན་པའི་མདུན་སྐྱོད་སྒར་སར་སྐྱོད་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཇོ་མ་གླང་མའི་སྒར་ས་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་2020ལོའི་ཇོ་མོ་གླང་མའི་མཐོ་ཚད་འཇལ་མཁན་རི་འཛེག་རུ་ཁག་གི་ས་ནས་ཤེས་རྟོགས་བྱུང་བར། ཚེས་7ཉིན་གྱི་ཆུ་ཚོད་17ཙམ་ལ་རི་འཛེག་རུ་ཁག་གི་རུ་མི་30ལྷག་ཙམ་ས་བབ་མཐོ་ཚད་སྨི་6500ཟིན་པའི་ཇོ་མོ་གླང་མའི་མདུན་སྐྱོད་སྒར་སར་འབྱོར་ཞིང་། རུ་མི་ཚང་མའི་གཟུགས་པོ་སྣང་དག་མེད་པ་དང་། ཁོང་ཚོ་སྒར་ས་དེར་ཉུང་མཐར་ངལ་གསོ་ཉིན་གཅིག་བརྒྱབ་རྗེས་མཐོ་ཚད་འཇལ་ཆས་ལ་ཚོད་ལྟ་སྙོམས་སྒྲིག་གི་ལས་དོན་མུ་མཐུད་བསྒྲུབ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མཐོ་ཚད་འཇལ་མཁན་རི་འཛེག་རུ་ཁག་གིས་ཚེས་6ཉིན་ས་བབ་མཐོ་ཚད་སྨི་5200ཟིན་པའི་ཇོ་མོ་གླང་མའི་སྒར་ས་ཆེན་པོ་ནས་རྡོག་ཐོན་བྱས་ཏེ། ཉིན་དེའི་ཆུ་ཚོད་18ཙམ་ལ་ས་བབ་མཐོ་ཚད་སྨི་5800ཟིན་པའི་བར་བརྒལ་སྒར་སར་འབྱོར་བ་དང་། ཚེས་7ཉིན་གྱི་སྔ་དྲོའི་ཆུ་ཚོད་11ཙམ་ལ་བར་བརྒལ་སྒར་ས་ནས་ཐོན་ཏེ་ཤར་རོང་ཕུའི་འཁྱགས་རོམ་བརྒྱུད་རྐང་ཐང་མར་ཧ་ལམ་ཆུ་ཚོད་6ཙམ་ཕྱིན་རྗེས་མདུན་སྐྱོད་སྒར་སར་འབྱོར་བ་རེད།

མདུན་སྐྱོད་སྒར་ས་དེ་ཤར་རོང་ཕུའི་འཁྱགས་རོམ་འགྲམ་གྱི་རི་ལྡེབས་ཤིག་ཏུ་གནས་པ་དང་། དེ་ནི་ཇོ་མོ་གླང་མར་བསྐྱོད་སའི་གངས་འཁྱག་ལམ་དུ་མ་སླེབས་གོང་གི་སྒར་ས་མཐའ་མ་དེ་ཡིན་ཞིང་། མདུན་སྐྱོད་སྒར་ས་ནས་གྱེན་དུ་རྐང་ཐང་མར་ཆུ་ཚོད་གཅིག་ཙམ་ཕྱིན་ཚེ་ལྷམ་བརྗེ་སར་སླེབས་པས། རི་འཛེག་མཁན་གྱིས་དེ་གར་གཟེར་མཐིལ་ལྷམ་བརྗེས་ནས་གངས་འཁྱག་ཁྲོད་མུ་མཐུད་འཛེག་དགོས་ཀྱི་ཡོད། མདུན་སྐྱོད་སྒར་ས་ནི་ཤར་རོང་ཕུའི་འཁྱགས་རོམ་རྫོགས་སར་གནས་པས། “གདོན་འདྲེའི་སྒར་ས”ཞེས་ཀྱང་གྲགས། གང་ལགས་ཤེ་ན། དེའི་མཐའ་བཞི་རི་བོས་བསྐོར་ནས་མཁའ་རླུང་འཁོར་རྒྱུག་ཡག་པོ་མེད་སྟབས་ཇོ་མོ་གླང་མའི་རི་རྩེར་འཛེག་མཁན་ཆེད་ལས་ལམ་སྣེ་ཁྲིད་མཁན་མང་པོ་ཞིག་ཀྱང་དེ་གར་སླེབས་དུས་ལ་དུག་ཕོག་གི་ཡོད་པས་རེད།

མདུན་སྐྱོད་སྒར་ས་ནས་ཇོ་མོ་གླང་མའི་བྱང་ངོས་ཀྱི་རྒྱུན་གཏན་རི་འཛེག་ལམ་ཐིག་ཏུ་ད་དུང་ས་བབ་མཐོ་ཚད་སྨི་7028དང་། སྨི་7790 སྨི་8300བཅས་ཟིན་པའི་སྒར་ས་གསུམ་ཡོད་པ་རེད།

རི་རྩེར་འཛེགས་ནས་མཐོ་ཚད་འཇལ་བ་ནི་ད་རེས་ཀྱི་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་ཕྱི་རོལ་ཚད་འཇལ་གྱི་ལམ་ཐིག་མཐའ་མ་དེ་རེད།

གཞན་ཡང་། ཟླ་4ཚེས་30ཉིན་གྱི་ཆུ་ཚོད་15དང་སྐར་མ་20ལ་ཀྲུང་གོའི་སྒུལ་བདེ་བོད་ལྗོངས་ཀུང་སིས་ཇོ་མོ་གླང་མའི་འགྲམ་གྱི་ས་བབ་མཐོ་ཚད་སྨི་6500ཟིན་པའི་མདུན་སྐྱོད་སྒར་སར་4Gདྲ་རྒྱ་བཙུགས་ནས་ཤར་གཏོང་ཐུབ་པ་དང་། ཆུ་ཚོད་15དང་སྐར་མ་55ལ་5Gདྲ་རྒྱ་བཙུགས་ནས་ཤར་གཏོང་ཐུབ་པ་དེས་གོ་ལ་ཡོངས་ཀྱི་ས་བབ་མཐོ་ཤོས་སུ་5Gདྲ་རྒྱ་བཙུགས་ནས་ཤར་གཏོང་ཐུབ་པ་མཚོན་ཡོད་པས། ཀྲུང་གོའི་སྒུལ་བདེས“5Gདྲ་རྒྱའི་ཇོ་མོ་གླང་མའི”རྣམ་གྲངས་འཛུགས་སྐྲུན་གྱི་ལས་འགན་ཡོངས་སུ་ལེགས་གྲུབ་ཟིན་པས། 5Gདྲ་རྒྱའི་བརྡ་རྟགས་དེ་ཇོ་མོ་གླང་མའི་བྱང་འདབས་ཀྱི་རི་འཛེག་ལམ་ཐིག་དང་ཇོ་མོ་གླང་མའི་རི་རྩེར་ཡོངས་སུ་ཁྱབ་ནས་ཇོ་མོ་གླང་མའི་མཐོ་ཚད་འཇལ་བར་འཕྲིན་གཏོང་དྲ་རྒྱ་སྤུས་ལེགས་ཤིག་མཁོ་འདོན་ཐུབ་ཡོད་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར། པ་སངས་ཚེ་རིང་དང་ཚེ་དབང་ལྷ་མོས་ཞུས)