《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月09日

སྲིད་ཇུས་དོན་འཁྱོལ་གྱི“མཐའ་མའི་འགག་གནད”ཤར་བགྲོད་ཐུབ་པར་བྱས་པ།

—— རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱིས་གནད་སྨིན་ཞབས་འདེགས་ཞུས་ནས་དམངས་གཉེར་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རོགས་རམ་བྱས་པའི་སྐོར་བཀོད་པ།

གསར་འགོད་པར་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། ཟླ་4ཚེས་30ཉིན་བར། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མིའི་ཁེ་ལས་3399(ཁེར་རྐྱང་ཚོང་དུད་ཚུད་མེད)ཡི་ནང་ནས་ཁེ་ལས་3220ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་པ་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་ཚད་95%ཟིན་ཞིང་། ཟླ་སྟོད་དང་བསྡུར་ན། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་པའི་ཁེ་ལས་220མང་དུ་ཕྱིན་ནས་བརྒྱ་ཆའི་གྲངས་7འཕར་ཡོད་པ་རེད།

ཟླ་2པའི་ཟླ་མཇུག་ནས་བཟུང་། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་བརྟག་ཞིབ་ཚོགས་ཆུང་བཙུགས་ནས། ས་ཆ་དངོས་སུ་བརྟག་ཞིབ་དང་འདྲི་ཤོག་སྤྲད་དེ་བརྟག་དཔྱད་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་དམངས་གཉེར་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གནས་ཚུལ་ཤེས་རྟོགས་དང་། ཁེ་ལས་དང་ཚོང་ཚོགས་རྩ་འཛུགས་སུ་འདྲི་རྩད་བྱེད་པར་བསྐྱོད་དེ་དམངས་གཉེར་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་འཕེལ་རིམ་དང་། ཟོག་འགྲེམས། མ་དངུལ་སོགས་ཀྱི་གནས་ཚུལ་ཁོང་དུ་ཞིབ་ཕྲ་ཆུད་པར་བྱས་པ་དང་། 《བོད་ཀྱི་དམངས་གཉེར་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་། ཐོན་སྐྱེད་སླར་གསོ། ཐོན་སྐྱེད་བརྟན་པོ་བཅས་ཀྱི་གནས་ཚུལ་སྐོར་གྱི་བརྟག་དཔྱད་དབྱེ་ཞིབ་སྙན་ཞུ》བྲིས་པ་དང་ཆབས་ཅིག་རང་སྐྱོང་ལྗོངས་སྲིད་གཞུང་ལ་གོང་ཞུ་བྱས་པ་རེད།

“ང་ཚོས་བརྟག་ཞིབ་བྱེད་རིང་ཤེས་རྟོགས་བྱུང་བར། ཁེ་ལས་མང་ཆེ་བར་རིམ་ཁག་སྲིད་གཞུང་གིས་བཏོན་པའི་ཁྲལ་དངུལ་འཇལ་སྤྲོད་དུས་ཚོད་རིང་དུ་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་གྲོན་དངུལ་སྤྲོད་པའི་དུས་ཚོད་རིང་དུ་གཏོང་བ། ཁྲལ་གྲོན་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཁེ་ལས་ལ་རོགས་སྐྱོར་གྱི་སྲིད་ཇུས་ལོངས་སྤྱོད་ཐུབ་ཡོད”ཅེས་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དྲིལ་བསྒྲགས་སློབ་གསོ་ཁྲུའི་ཁྲུའུ་ཀྲང་ལི་ཡན་གྱིས་ངོ་སྤྲོད་བྱས། དམངས་གཉེར་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ནས་སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་ཆེད། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིམ་ཁག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཚོང་ཚོགས་རྩ་འཛུགས་ཁག་ལ་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས། རང་སྐྱོང་ལྗོངས་ཀྱིས་བཏོན་པའི“ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་། ཁྲོམ་ར་དང་ལས་རིགས་སླར་གསོ”སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རོགས་སྐྱོར་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། “ཁེ་ལས་གཅིག་ལ་སྲིད་ཇུས་རེའི”བྱ་ཐབས་སྤྱོད་པ་བཅས་བྱས་ཏེ། ཁེ་ལས་རིམས་ནད་ཀྱི་དཀའ་གནད་ལས་སྒྲོལ་བར་རོགས་སྐྱོར་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

“བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་མཛུབ་ཁྲིད་འོག་ང་ཚོར་དངུལ་སྨར་སྒོར་ཁྲི་100ཞལ་འདེབས་བརྒྱབ་པའི་སྤྱི་ཕན་དགེ་སྒྲུབ་ཀྱི་བྱུང་འཛིན་རག་བྱུང་། འདི་ཁེ་ལས་ཀྱི་གོམ་སྟབས་རྗེས་མའི་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་གཞི་འཛིན་སར་བརྩིས་ཆོག”ཅེས་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལྷ་ས་རྣམ་སྲས་འཛུགས་སྐྲུན་ཁེ་ལས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་བསོད་ནམས་ཀྱིས་བརྗོད།

རང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་གིས་ཁེ་ལས་ལ་ཕན་པའི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་པར་ཁྲིད་སྟོན་བྱས་ནས། སྲིད་ཇུས་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཕྲ་ཐུབ་པར་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབྲེལ་ཡོད་སྲིད་ཇུས་ཀྱི་ཡིག་ཆ་ཕྱོགས་བསྒྲིགས་བྱས་པ་དང་སྦྲགས། ལྗོངས་མི་སྤྱི་ཐིང་དང་། ནོར་སྲིད་ཐིང་། དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་། འཕེལ་སྒྱུར་ཨུ་ལྷན། ཁྲོམ་ར་ལྟ་འདོམས་ཅུས་སོགས་ཚན་པའི་ལས་སྒོའི་རྐང་འཛིན་པ་གདན་དྲངས་ནས། སྲིད་ཇུས་དང་བྱ་ཐབས་ངོ་ཐུག་གདོང་འཕྲད་ངང་སྒྲོག་འགྲེལ་བྱས་པ་དང་སྲིད་ཇུས་དོན་འཁྱོལ་གྱི“མཐའ་མའི་འགག་གནད”ཤར་བགྲོད་ཐུབ་པར་བྱས་ཏེ། དམངས་གཉེར་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་གནད་སྨིན་ཞབས་འདེགས་ཞུས་ཡོད་པ་རེད།

“ཉེ་ཆར། རང་སྐྱོང་ལྗོངས་ཀྱིས《ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་བཅག་ནས་ཁེ་ལས་ལས་འགོ་བསྐྱར་འཛུཌ་དང་ཐོན་སྐྱེད་སླར་གསོ་ཡོང་བ་དང་དཔལ་འབྱོར་འཁོར་སྐྱོད་བརྟན་པོ་རྒྱུན་འཁྱོངས་བྱེད་པའི་སྲིད་ཇུས་བྱ་ཐབས་འགའ་ཞིག་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། ཕྱོཌ་མང་པོའི་ཐད་ནས་ནུས་པ་ལྡན་ལ་ཕན་པ་ཆེ་བའི་ཞབས་ཞུའི་བྱ་ཐབས་རབ་དང་རིམ་པ་བཏོན་ཏེ། ཁེ་ལས་ལས་འགོ་བསྐྱར་འཛུཌ་དང་ཐོན་སྐྱེད་སླར་གསོ་ཡོང་བར་རམ་འདེཌ་ཧུར་ཐག་བྱས་ཡོད”ཅེས་སྒྲོག་འགྲེལ་བྱེད་ཡུལ་དུ་བོད་ལྗོངས་དབྱི་མིང་ཤིས་ཡ་གསོ་རིག་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་བརྗོད་པ་རེད།

ད་དུང་སྲིད་ཇུས་དང་བྱ་ཐབས་ནང་རང་ལྗོངས་ཀྱི་ཁོངས་སུ་གཏོགས་པའི་སྲིད་འཛིན་བྱ་གཞག་ཚན་པ་དང་། གཞུང་ཁོངས་ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར་བོགས་མར་ལེན་མཁན་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས(ཁེར་རྐྱང་ཚོང་དུད་ཚུད་པ)ལ་རིམས་ནད་ཐོན་རིང་ཁང་གླ་ཟླ་བ་གཅིག་མི་བསྡུ་བ་དང་དེ་རྗེས་ཟླ་རེར་ཁང་གླ་ཕྱེད་ཀ་ལས་མི་བསྡུ་རྒྱུའི་བླང་བྱ་བཏོན་ཡོད་པ་རེད། ཟླ་4ཚེས་10ཉིན། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས(སྤྱི་ཁྱབ་ཚོང་ཚོགས)ཀྱིས་བོགས་དངུལ་ཆག་ཡང་དང་རྩ་ཆག་བཏང་ནས་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱེད་དགོས་པའི་གྲོས་འདོན་ཡི་གེ་བཀྲམ་སྟེ། རང་འགུལ་ངང་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་ཆ་རྐྱེན་བསྐྲུན་པ་དང་འགན་ལེན་བྱས་ཡོད་པ་རེད། (པ་ཚེས་བསྒྱུར། པ་དཀོན་གྱིས་ཞུས)