《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月09日

ན་ནིང་ལྷ་ས་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་600ལས་བརྒལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། 2019ལོ་འཁོར་གྱི་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ་དང་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཡོངས་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་སྐབས་བཞི་པའི་གྲངས་གཞིའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ཐོག་མའི་ཞིབ་རྩིས་བརྒྱབ་པར་གཞིགས་ན། 2019ལོ་འཁོར་གྱི་ལྷ་ས་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་600ལས་བརྒལ་ནས་སྒོར་དུང་ཕྱུར་617.88ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་ན་ན་ནིང་གི་དུས་མཚུངས་ལས་8%འཕར་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། འདས་ཟིན་པའི་ལོ་གཅིག་རིང་། ལྷ་ས་གྲོང་ཁྱེར་གྱི་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་20.1ཟིན་ནས་8.2%འཕར་བ་དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་236.14ཟིན་ནས་7.4%འཕར་བ། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་361.64ཟིན་ནས་8.4%འཕར་ཡོད་པ་དང་། ཐོན་ལས་གསུམ་པའི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་བསྡུར་ཚད་3.3∶38.2∶58.5ཡིན་པ་དེ། 2018ལོ་དང་བསྡུར་ན། ཐོན་ལས་དང་པོ་དང་ཐོན་ལས་གཉིས་པའི་བསྡུར་ཚད་བརྒྱ་ཆའི་གྲངས་0.1དང་4.3སོ་སོར་ཆག་པ་དང་། ཐོན་ལས་གསུམ་པའི་བསྡུར་ཚད་བརྒྱ་ཆའི་གྲངས་4.4མཐོ་རུ་ཕྱིན་ཡོད་པ་རེད།

བརྟག་དཔྱད་བྱས་འབྲས་ལས་མངོན་པར་གཞིགས་ན། 2019ལོར། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་39686ཟིན་ནས་10.7%འཕར་བ་དང་། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་16216ཟིན་ནས་12.9%འཕར་ཡོད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་བསྡུར་ཚད་ན་ནིང་གི་2.49∶1ནས་2.45∶1བར་དམའ་རུ་ཕྱིན་ནས། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་2.64∶1ལས་དམའ་བ་ཡོད་པ་རེད། (དམ་ཆོས་མི་ཕམ་གྱིས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)