《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月07日

བགྲེས་སོང་སྒྲོག་འགྲེལ་པ།

—— རང་སྐྱོང་ལྗོངས་རིམ་པའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་པ་བུ་ཚེ་རིང་གི་སྐོར་བཀོད་པ།

བུ་ཚེ་རིང་ནི་འདི་ལོ་ལོ་75ལ་སླེབས་པ་དང་། རྒན་ཡོལ་ཞུས་རྗེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་ཚེས་གསུམ་ཐང་སྡེ་ཁུལ་དུ་སྡོད་ཀྱི་ཡོད་ཅིང་། རང་སྐྱོང་ལྗོངས་རིམ་པའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་པ་ཞིག་རེད། ལོ་ན་རྒས་ནའང་སྙིང་སྟོབས་རབ་ཏུ་འབར་ལ་སྐད་གསང་མཐོན་པ་དང་། ལྷག་པར་དུ་ཁོང་གིས་རང་ཉིད་ཀྱི་ཉམས་མྱོང་དངོས་དང་ཟུང་འབྲེལ་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་པས་ཁྲེང་ཀོན་ཆུས་ཉང་བྲན་ཤང་ཚེས་གསུམ་ཐང་སྡེ་ཁུལ་གྱི་མང་ཚོགས་ཚོས་གླེང་རྒྱུར་དགའ་བའི་གཏམ་སྙན་ཞིག་ཏུ་གྱུར་ཡོད།

“ང་ཁྱིམ་ཚང་དབུལ་པོ་ཞིག་ཏུ་སྐྱེས་པ་དང་། 1956ལོར་ལོ་12ལ་སླེབས་པའི་ང་རང་གཞིས་རྩེ་ཡན་ལག་ལས་དོན་ཨུ་ལྷན་དུ་ལས་ཀ་བྱེད་པར་ཡོང་དུས་བྲོ་བ་ཞིམ་པའི་འབྲས་ཐེངས་དང་པོར་ཟ་རྒྱུ་བྱུང་། ཐེངས་ཤིག་ལས་ཀས་རྐྱེན་པས་དུས་ཐོག་ཏུ་ཁ་ལག་ཟ་མ་ཐུབ་པས་དགོང་མོར་གྲོད་པ་ལྟོགས་དྲགས་ནས་ཡར་ལངས་ཏེ་ཆུ་འཐུང་སྐབས་དམག་སྡེ་བཅོ་བརྒྱད་པའི་དམག་མིས་མཐོང་ནས་ཁོང་ཚོས་རང་ཉིད་ཀྱི་རྒྱགས་ཕྱེ་དང་ཆུ་འཁོལ་ང་ལ་སྤྲད་པ་མ་ཟད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ད་དུང་རྗེས་སུ་གྲོད་པ་ལྟོགས་ན་ཁོང་ཚོའི་སར་ཤོག་ཅེས་བརྗོད་བྱུང”ཞེས་ཚེས་གསུམ་ཐང་སྡེ་ཁུལ་གྱི་གྲོས་ཚོགས་ཁང་དུ་བུ་ཚེ་རིང་གིས་རང་ཉིད་ཀྱི་མྱོང་བ་དངོས་གྲོང་མི་ཚོར་བརྗོད།

“ཏང་གི་བཀའ་དྲིན་ནི་བརྗོད་ཀྱིས་མི་ལང་བ་ཞིག་རེད། དེ་རྗེས་ང་རང་དཔུང་སྡེ་དང་མཉམ་དུ་གནམ་ཐང་དང་མཐའ་སྲུང་གཞུང་ལམ་བསྐྲུན་པར་སྐྱོད་པ་དང་། མང་ཚོགས་ཚོ་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོང་ཆེད་ཏང་ཡོན་དང་ལས་བྱེད་པས་འབད་བརྩོན་ལྷོད་མེད་བྱེད་པ་མིག་མཐོང་ལག་ཟིན་བྱུང་ལ། རང་ཉིད་ཀྱི་རྒྱགས་ཕྱེ་མང་ཚོགས་ལ་སྟེར་བ་དང་རང་ཉིད་ཀྱི་གྱོན་གོས་མང་ཚོགས་ལ་གྱོན་དུ་འཇུག་པ། མང་ཚོགས་ལ་རོགས་རམ་བྱས་ཏེ་ཁང་པ་རྒྱག་པ་སོགས་གནས་ཚུལ་དེ་བས་མང་པོ་ཡོད་པས་ཁོང་ཚོས་མང་ཚོགས་ཀྱི་ཆེད་དུ་བསྒྲུབས་པའི་བྱ་བཟང་ནི་ཉིན་མཚན་གསུམ་ལ་བརྗོད་ཀྱང་བརྗོད་མི་ཚར”མྱོང་བ་ཟབ་མོ་ཡོད་པའི་བུ་ཚེ་རིང་གིས་ཚེ་གང་རིང་གུང་ཁྲན་ཏང་ཡོན་གྱི་ཚད་གཞིའི་ཐོག་ནས་རང་ཉིད་ལ་རེ་བ་ནན་པོ་བཅོལ་ཏེ་ཏང་གི་ལས་བྱེད་པ་ཡག་པོ་ཞིག་བྱེད་རྒྱུའི་སེམས་ཐག་བཅད་ཡོད།

ཏང་ཡོན་རྒན་གྲས་ཤིག་ཡིན་པའི་བུ་ཚེ་རིང་གིས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ལེ་ཧྥུང་མིག་དཔེར་བྱས་ཏེ་སེམས་རྩ་འཁོལ་པོས་གཞན་ལ་རོགས་རམ་བྱེད་ཀྱི་ཡོད། ཁོང་གི་ངང་རྒྱུད་རིང་པོའི་སློབ་སྟོན་འོག་དེ་སྔོན་ར་བཟི་རྒྱན་འཛུགས་ལ་དབྱིངས་ཚུད་མཁན་སློབ་མའི་ཁྱིམ་བདག་ཆོས་སྒྲོན་གྱིས་གོམས་གཤིས་ངན་པ་བསྒྱུར་ནས་ཕྲུ་གུའི་སློབ་སྦྱོང་དང་འཚོ་བར་དོ་སྣང་བྱས་ཏེ་མཐར་ཕྲུ་གུ་ནང་སའི་བོད་ལྗོངས་འཛིན་གྲྭར་རྒྱུགས་འཕྲོད་པ་རེད།

རང་སྐྱོང་ལྗོངས་རིམ་པའི་སྒྲོག་འགྲེལ་པ་ཞིག་ཡིན་པའི་བུ་ཚེ་རིང་གིས་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར་གྱི་ཚན་པ་མང་པོ་དང་། སྡེ་ཁུལ། དགོན་སྡེ་བཅས་སུ་སྒྲོག་འགྲེལ་བྱེད་པའི་ཁར་རང་དངུལ་བཏོན་ནས་དྲིལ་བསྒྲགས་སྒྲོམ་བཟོས་ཤིང། ཚང་མར་བོད་རྙིང་པའི་དཀའ་སྡུག་དང་བོད་གསར་པའི་བདེ་སྐྱིད་སྒྲོག་འགྲེལ་བྱས་ཏེ་མཐའ་འཁོར་གྱི་མི་ཚོས་གུང་ཁྲན་ཏང་མེད་ན་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོད་མི་སྲིད་པ་གསལ་པོར་རྟོགས་སུ་བཅུག་པ་དང་། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཚང་མའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་རོགས་བྱས་ཡོད། 2002ལོ་ནས་ད་བར། བུ་ཚེ་རིང་གིས་སྐོར་སྐྱོད་པར་རིས་འགྲེམས་སྟོན་ཐེངས་བརྒྱ་ལྷག་ཙམ་བྱས་ནས་བོད་གསར་རྙིང་དང་སྔ་དེང་གི་འཚོ་བའི་འགྱུར་ལྡོག་ཆེན་པོ་བསྟན་པར་གཞི་རིམ་གྱི་ལས་བྱེད་པ་མང་པོ་ཞིག་ཡིད་སྨོན་སྐྱེས་ཏེ་ཁོང་གི་ཁྱིམ་དུ་སློབ་སྦྱོང་དང་ལྟ་སྐོར་བྱེད་པར་ཡོང་གི་ཡོད། མང་ཚོགས་ཤིག་གིས་ཁོང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཉན་རྗེས་སེམས་འགུལ་ཆེན་པོ་ཐེབས་བཞིན“ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནི་ང་ཚོའི་བསམ་པའི་རྒྱགས་ཕྱེ་དང་གོམ་པ་སྤོ་སྐབས་ཀྱི་མིག་ལྟ་བུ་ཡིན་པས་ང་ཚོར་ཁ་ཕྱོགས་གསལ་སྟོན་དང་སྟོབས་ཤུགས་བསྣན་བྱུང”ཞེས་བརྗོད།

བུ་ཚེ་རིང་གི་ངོས་ནས་བརྗོད་ན་སྒྲོག་འགྲེལ་ནི་དུས་ནམ་ཡང་ཚར་དུས་མེད་པ་ཞིག་རེད། རང་ཉིད་ཀྱི་སྒྲོག་འགྲེལ་བྱེད་པའི་ནང་དོན་ཏང་གི་སྲིད་ཇུས་དང་མཐུན་ཆེད་ཁོང་གིས་ཉིན་ལྟར་དེབ་དང་ཚགས་པར་ལྟ་བ་དང་། རླུང་འཕྲིན་ཉན་པ། སྡེ་ཁུལ་དང་འབྲེལ་ཡོད་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་པའི་སློབ་སྦྱོང་བྱེད་སྒོ་སྣ་ཚོགས་ལ་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་རང་ཉིད་ཀྱི་བསམ་བློ་དང་བྱ་སྤྱོད་རྗེས་སུ་མི་ལུས་པ་བྱེད་ཀྱི་ཡོད།