《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月07日

ཉིང་ཁྲི་ནས་མེ་ཏོག་བར་གྱི་འགྲུལ་སྐྱེལ་འཁོར་ལམ་ཤར་གཏོང་ཐུབ་པ།

ལས་བྱེད་པ་དང་མང་ཚོགས་ཀྱིས“དམངས་ཕྱུག་འགྲུལ་སྐྱེལ་རླངས་འཁོར”ལ་དགའ་བསུ་ཞུས་པ།

འདི་ག་ཚགས་པར་ཁང་དུ་མེ་ཏོག་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་མེ་ཏོག་རྫོང་གིས་མེ་ཏོག་ནས་ཉིང་ཁྲི་བར་གྱི་འགྲུལ་སྐྱེལ་འཁོར་ལམ(ལམ་ཐག་སྤྱི་ལེ་352ཟིན་པ)དངོས་སུ་ཤར་གཏོང་ཐུབ་ནས་མེ་ཏོག་རྫོང་དུ་ཐག་རིང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་ཞིང་། དེ་ནི་མེ་ཏོག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རིང་གི་དོན་ཆེན་ཞིག་ཡིན་ལ་མེ་ཏོག་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཡུན་རིང་རེ་སྒུག་བྱེད་པའི་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་ཞིག་ཀྱང་རེད།

སྔོན་ཆད་མེ་ཏོག་རྫོང་གི་མང་ཚོགས་ཕྱི་ཕྱོགས་སུ་དོན་དག་སྒྲུབ་པར་སྔོན་ལ་སྦག་སྦག་དང་རྐང་འཁོར་ལ་བཞོན་པའམ་ཡང་ན་རྐང་ཐང་མར་རྫོང་གྲོང་དུ་འགྲོ་དགོས་པ་དང་ཡང་དེ་ནས་འཁོར་རིགས་བསྡད་དེ་སྤོ་བོ་རྫོང་བརྒྱུད་དམིགས་སར་བསྐྱོད་དགོས་ཀྱི་ཡོད་པར་བརྟེན། འགོར་འགྱངས་ཆེ་ལ་དཀའ་ལས་ཀྱང་ཆེན་པོ་ཡོད། ལམ་ཡག་པོ་མེད་པ་དང་འཁོར་རིགས་གཏོང་མི་ཐུབ་པས་ཡུལ་མི་རྣམས་རྫོང་གྲོང་དུ་འགྲོ་བར་ཡང་ཉི་མ་ཁ་ཤས་འགོར་གྱི་ཡོད་པ་རེད།

ད་ཆ་གྲོང་མི་ཚོས་གྲོང་ཚོའི་ལམ་མདོར་ལག་པ་གཡུགས་ཙམ་བྱས་ན་ཐད་ཀར་ཉིང་ཁྲིར་སྐྱོད་པའི་འགྲུལ་སྐྱེལ་རླངས་འཁོར་སྡོད་ཐུབ་པ་མ་ཟད། རང་ཡུལ་གྱི་ཁྱད་ལྡན་ཐོན་ཟོག་ཀྱང་ཕྱི་ཕྱོགས་ལ་བཙོང་ཐུབ་པའི་སྟབས་ཀྱིས། ཡུལ་མི་ཚང་མས་དེ་ནི“དམངས་ཕན་རླངས་འཁོར”དང“དམངས་ཕྱུག་གི་འགྲུལ་སྐྱེལ་རླངས་འཁོར”ཞིག་རེད་ཅེས་བསྟོད་པའི་མཐེ་བོང་སྒྲེང་བཞིན་མཆིས།

“དེ་སྔོན་ཉིང་ཁྲིར་ཐེངས་གཅིག་ཕྱིན་ན་འགྲོ་སོང་སྒོར་300ཡན་ཟིན་གྱི་ཡོད། ད་ཆ་རླངས་འཁོར་ལ་བསྡད་ན་སྒོར་182ཙམ་གྱིས་ཐད་ཀར་ཉིང་ཁྲིར་སླེབས་ཐུབ་ཀྱི་ཡོད་པས་སྟབས་བདེ་པོ་འདུག་ལ་འགྲོ་སོང་ཡང་ཆུང་བ་འདུག”ཅེས་འགྲུལ་སྐྱེལ་རླངས་འཁོར་ནང་བསྡད་ནས་ཉིང་ཁྲི་གྲོང་ཁུལ་ལ་གཉེན་འཕྲད་དུ་འགྲོ་གྲབས་བྱེད་པའི་སྒྲོལ་མའི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་གསར་འགོད་པར་དེ་ལྟར་བརྗོད།