《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月07日

དྲ་ཐོག་ཉོ་ཚོང་གི་གྲངས་འབོར་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་4ཡིས་མཐོ་བ་ཡོད་པ།

དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་5ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་བ་གཞིར་བཟུང་། འབྲེལ་ཡོད་བསྡོམས་རྩིས་གྲངས་གཞི་ལས་མངོན་པར་གཞིགས་ན། དུས་ཚིགས་དང་པོར་རང་ལྗོངས་ཀྱི་དྲ་ཐོག་ཉོ་ཚོང་གི་གྲངས་འབོར་སྒོར་དུང་ཕྱུར་36.35ཟིན་པ་དེ་དུས་མཚུངས་ལས་2.64%ཆག་ནས་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་4ཡིས་མཐོ་བ་ཡོད་ཅིང་། དེའི་ནང་རང་ལྗོངས་ཀྱི་དྲ་ཐོག་སིལ་ཚོང་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་དྲ་ཐོག་སིལ་ཚོང་བསྡོམས་འབོར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་10.44ཟིན་པ་དེ་དུས་མཚུངས་ལས་10.03%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་11.16གིས་མཐོ་བ་ཡོད་པ་རེད།

རང་ལྗོངས་ཀྱིས་ཐབས་བརྒྱ་ཇུས་སྟོང་ངང་ས་གནས་དེ་གའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དྲ་ཐོག་གི་མཁོ་སྤྲོད་འགན་ལེན་བྱེད་པ་དང་ཆབས་ཅིག་ཁྱད་ལྡན་ཞིང་ལས་ཐོན་རྫས་དྲ་ཐོག་ནས་ཕྱིར་ཚོང་བྱ་རྒྱུར་དམ་འཛིན་ལྷོད་མེད་བྱས་པས་དུས་ཚིགས་དང་པོར་ཞིང་ལས་ཐོན་རྫས་དྲ་ཐོག་ནས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་2.42ཟིན་པ་དེ་དུས་མཚུངས་ལས་32.31%འཕར་ནས་ཞིང་ལས་ཐོན་རྫས་ཀྱི་དྲ་ཐོག་ཚོང་དོན་གྱི་འཕར་ཤུགས་ཆེ་རུ་ཕྱིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་3པའི་ཟླ་མཇུག་བར་རང་ལྗོངས་སུ་དྲ་ཐོག་ཚོང་པ་བསྡོམས་འབོར་30981ཡོད་ཅིང་། དྲ་ཐོག་ཚོང་དོན་གྱིས་ལས་ཞུགས་མི་གྲངས་ཁྲི་12.48ལ་སྐུལ་ཁྲིད་བྱས་པའི་ནང་མི་ཁྲི་6.51ལ་ཐད་ཀར་སྐུལ་ཁྲིད་བྱས་པ་དང་མི་ཁྲི་5.98ལ་གཞན་བརྒྱུད་སྐུལ་ཁྲིད་བྱས་ཡོད།

གོམ་སྟབས་རྗེས་མར་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པའི་རྨང་གཞིའི་ཐོག་དྲ་ཐོག་ཚོང་དོན་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་། ཐོན་སྐྱེད་སླར་གསོ། ཚོང་དོན་སླར་གསོ། ཁྲོམ་ར་སླར་གསོ་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། བོད་སྨན་དང་ཀྲུང་ལུགས་སྨན་རྒྱུ་དང་། ནས། བོད་སྤོས། ཚགས་ཤ་སོགས་ཁྱད་ལྡན་ཐོན་རྫས་དྲ་ཐོག་ནས་ཕྱིར་ཚོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ། ལྷག་པར་དུ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གཞི་རྩའི་དགོས་མཁོ་དང་འབྲེལ་བ་ཡོད་པའི་དགོས་ངེས་རིགས་ཀྱི་ཐོན་རྫས་དྲ་ཐོག་ནས་མཁོ་སྤྲོད་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱ་རྒྱུ་རེད།

(ཉི་དོན་གྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)