《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月07日

རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི“གོམ་སྟབས་གསུམ་པའི”ལས་འགན་སྒྲུབ་འགོ་ཚུགས་པ།

རྒྱང་སྐྱོད་ཨང་ལྔ་པ་Bཡི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ འཕུར་སྐྱོད་ཐེངས་དང་པོ་ལམ་ལྷོངས་བྱུང་བ།

ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་པ།

འདི་ནི་རྒྱང་སྐྱོད་ཨང་ལྔ་པ་Bཡི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་མཁའ་དབྱིངས་སུ་འཕུར་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་རྒྱང་སྐྱོད་ཨང་ལྔ་པ་Bཡི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་སྐྱོད་ཐེངས་དང་པོའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་པ་རེད།

མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་བར་སྣང་ས་ཚིགས་ཀྱི་དུས་མཚམས་འཕུར་སྐྱོད་ལས་འགན་གྱི་སྤྱི་ཁྱབ་བཀོད་འདོམས་པུའུ་དང་དེ་བཞིན་རྒྱང་སྐྱོད་ཨང་ལྔ་པ་Bཡི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་སྐྱོད་ཐེངས་དང་པོའི་ལས་འགན་ནང་ཞུགས་མཁན་ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་ཚན་པ་དང་བློ་མཐུན་ཡོངས་ལ།

རྒྱང་སྐྱོད་ཨང་ལྔ་པ་Bཡི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་སྐྱོད་ཐེངས་དང་པོའི་ལས་འགན་སྒྲུབ་འགོ་ཚུགས་ཚུན། ཞིབ་འཇུག་དང་ཚོད་ལྟའི་ནང་ཞུགས་མཁན་ཚན་པ་ཁག་དང་བློ་མཐུན་ཡོངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་ཕྱར་བ་གྲུ་འདེགས་བྱས་ནས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ་འཕུར་སྐྱོད་ཐེངས་དང་པོའི་ལས་འགན་ལེགས་གྲུབ་ཀྱི་རྒྱལ་ཁ་ཆེན་པོ་ཐོབ་པར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་ཁྱེད་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།

རྒྱང་སྐྱོད་ཨང་ལྔ་པ་Bཡི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་སྐྱོད་ཐེངས་དང་པོའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དེ་ཐོག་ནས་བར་སྣང་ས་ཚིགས་དུས་མཚམས་ཀྱི་འཕུར་སྐྱོད་ལས་འགན་ལ་ཐོག་མའི་རྒྱལ་ཁ་ཐོབ་པ་མཚོན་ཡོད། དེ་ལས་རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གོམ་སྟབས་གསུམ་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་མངོན་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། འདི་ནི་ལས་གྲྭ་ཧྲིལ་པོ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རང་བརྟེན་གསར་གཏོད་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་འཇིག་རྟེན་འཕུར་སྐྱོད་ཀྱི་སྟོབས་ཆེའི་རྒྱལ་ཁབ་དང་འཛམ་གླིང་གི་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཐོབ་པའི་གྲུབ་འབྲས་གསར་ཤོས་ཡིན་པས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་སྔར་ལས་ལྷག་པའི་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པར་སྐུལ་ལྕག་ཐེབས་ངེས་རེད། ཁྱེད་ཚོས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་ཡོད་པས། མེས་རྒྱལ་དང་མི་དམངས་ཀྱིས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མཐའ་ཡས་ཀྱི་མཁའ་དབྱིངས་འཚོལ་ཞིབ་བྱེད་པར་ནམ་ཡང་རྫོགས་མཐའ་མེད། ཚན་རྩལ་གྱི་རྩེ་མོར་འཛེག་པར་ལས་འགན་ལྕི་ལ་ལམ་ཐག་རིང་། མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་རྗེས་མཐུད་ལས་འགན་དཀའ་ཚེགས་ཆེ་ལ་ལྕི་པོ་ཡོད་པ་དང་། འཕྲད་པའི་དཀའ་ངལ་དང་ཚོད་བགམ་ནན་ལ་རྙོག་འཛིང་ཆེན་པོ་ཡོད། ཁྱེད་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། “འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་དང་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། འཇིག་རྟེན་འཕུར་སྐྱོད་ལ་བརྟེན་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བ་དང་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་ཀྱི་རླབས་ཆེའི་ལག་ལེན་ནང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། འབད་འཐབ་ཧུར་ལེན་བྱེད་པ། བྱས་རྗེས་གསར་པ་སླར་ཡང་འཇོག་པ་བཅས་བྱས་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།

ཀྲུང་གུང་ཀྲུང་དབྱང་དང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་།

ཀྲུང་དབྱང་དམག་ཨུད་བཅས་ཀྱིས།

2020ལོའི་ཟླ་5ཚེས་5ཉིན།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གཞུང་ལས་ཁང་གི་ཆ་འཕྲིན་གཞིར་བཟུང་། ཚེས་5ཉིན་གྱི་ཆུ་ཚོད་18དང་སྐར་མ་0གྱི་ཐོག རང་རྒྱལ་གྱི་མི་བཞུགས་བར་སྣང་ས་ཚིགས་ལས་གྲྭས་ཞིབ་བཟོ་བྱས་པའི་རྒྱང་སྐྱོད་ཨང་ལྔ་པ་Bཡི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ཐོག་རབས་གསར་པའི་མི་བཞུགས་འཕུར་གྲུའི་ཚོད་ལྟའི་གྲུ་དང་འཇམ་མཉེན་དབུགས་སྣོན་དངོས་ཟོག་གི་ཕྱིར་ལོག་གྲུ་ཚང་གི་ཚོད་ལྟའི་གྲུ་ཚང་ཞོར་འདྲེན་བྱས་ནས། རང་རྒྱལ་གྱི་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱེད་ཡུལ་ནས་འཕུར་འགོ་ཚུགས་ཤིང་། སྐར་ཆ་448ལྷག་ཙམ་སོང་རྗེས། ཐེག་ཚད་སྡེབ་སྒྲིག་འདུས་གྲུབ་དང་མེ་ཤུགས་འཕུར་མདའ་བདེ་བླག་ངང་ཁ་གྱེས་ཏེ། སྔོན་བཀོད་འཁོར་ལམ་དུ་འབྱོར་ནས། འཕུར་སྐྱོད་ཐེངས་དང་པོའི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། བར་སྣང་ས་ཚིགས་དུས་མཚམས་ཀྱི་འཕུར་སྐྱོད་ལས་འགན་ལ་ཐོག་མའི་རྒྱལ་ཁ་ཐོབ་པ་དང་འབྲེལ། རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི“གོམ་སྟབས་གསུམ་པའི”ལས་འགན་སྒྲུབ་འགོ་ཚུགས་ཡོད།

རྒྱང་སྐྱོད་ཨང་ལྔ་པ་Bཡི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་སྐྱོད་ཐེངས་དང་པོ་ལམ་ལྷོངས་བྱུང་བ་ལས། མེ་ཤུགས་འཕུར་མདའི་སྤྱིའི་ཇུས་གཞི་དང་ཡན་ལག་མ་ལག་ཁག་གི་ཇུས་གཞིའི་ཡང་དག་རང་བཞིན་དང་མཐུན་སྦྱོར་རང་བཞིན་ཚོད་ལྟ་ར་འཕྲོད་ཐུབ་པ་དང་། ཚད་གཞི་མཐོ་བའི་མདའ་སྦྲེལ་དབྱེ་འབྱེད་ལག་རྩལ་དང་། ཚངས་ཐིག་ཆེན་པོའི་གྲུ་ཚང་དང་མེ་ཤུགས་འཕུར་མདའ་སྦྲེལ་མཐུད་ཁ་འགྱེས་ལག་རྩལ། འདེད་ཤུགས་ཆེ་བའི་ཐད་ཀར་འཁོར་ལམ་དུ་ཞུགས་པའི་ཕྱོགས་འཛོལ་གནད་སྨིན་ཚོད་འཛིན་ལག་རྩལ་སོགས་ལག་རྩལ་གསར་པ་ཁག་གཅིག་ཚད་བརྒལ་ཐུབ་ནས་རང་རྒྱལ་གྱི་བར་སྣང་ས་ཚིགས་ཀྱིས་འཁོར་ལམ་བསྐྲུན་པའི་ལས་འགན་ཡག་པོ་སྒྲུབ་ཆེད་རྨང་གཞི་གལ་ཆེན་བཏིང་ཡོད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ངོ་སྤྲོད་བྱས་པར་གཞིགས་ན། རྒྱང་སྐྱོད་ཨང་ལྔ་པ་Bཡི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་བྱེད་ཡུལ་དུ་འབྱོར་བ་ནས་བཟུང་། སྔོན་དུ་འབྱོར་བའི་བར་སྣང་ས་ཚིགས་ཀྱི་ལྟེ་བའི་གྲུ་ཚང་གི་ཐོག་མའི་ཐོན་རྫས་སོགས་དང་མཉམ་དུ་འཕེན་གཏོང་བྱེད་ཡུལ་དུ་མཉམ་སྦྱོང་བྱས་པ་རེད། ཟླ་3པའི་ཟླ་སྨད་དུ་མཉམ་སྦྱོང་མཇུག་འགྲིལ་རྗེས་རྒྱང་སྐྱོད་ཨང་ལྔ་པ་Bཡི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་སྐྱོད་ཐེངས་དང་པོ་ཕྱོགས་ཡོངས་ནས་གྲ་སྒྲིག་བྱེད་འགོ་ཚུགས་པ་རེད།

ད་ཐེངས་ཀྱི་ལས་འགན་འདི་ཏོག་གསར་གློ་ཚད་རིམས་ནད་མཆེད་པའི་དུས་དང་ཏག་ཏག་འཁེལ་བས། ལས་གྲྭའི་ལས་དོན་མི་སྣ་ཡོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ནས། ཚན་རིག་དང་མཐུན་པའི་སྤྱི་འདོམས་ལ་མཐོང་ཆེན་བྱེད་པ་དང་། མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་བྱེད་པ། བཀག་སྡོམ་རྣམ་པའི་དོ་དམ་དང་། རྒྱང་བསྟེན་རྣམ་པའི་ལྷན་འཛོམས་ནད་དཔྱད། བརྒྱུད་རིམ་ཧྲིལ་པོའི་མཐུན་སྦྱོར་སོགས་ཀྱི་བྱ་ཐབས་སྤྱོད་པ། མི་སྣའི་གཞི་ཁྱོན་ཧྲག་བསྡུས་དང་ཚོད་ལྟའི་གོ་རིམ་བཟང་སྒྲིག རིམས་ནད་སྔོན་འགོག་དང་ཚོད་འཛིན་ནན་པོ་བཅས་བྱས་ནས། ཉིན་100ལྷག་ཙམ་གྱི་དུས་ཚོད་ནང་ལས་གནས་བརྟན་པོ་བསྲུངས་ཏེ“ཁྱད་པར་བཞིའི”མི་བཞུགས་འཇིག་རྟེན་འཕུར་སྐྱོད་པའི་སྙིང་སྟོབས་གསོན་ཉམས་དོད་པའི་ངང་ལག་ལེན་བསྟར་ཡོད།

བསྡོམས་རྩིས་ལ་གཞིགས་ན། 1999ལོར་ལྷ་གྲུ་ཨང་དང་པོ་འཕེན་གཏོང་བྱས་པ་ནས་བཟུང་། རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭས་སྔ་རྗེས་སུ་འཕུར་སྐྱོད་ལས་འགན་གལ་ཆེན་ཁག་16སྒྲིག་འཛུགས་དང་ལག་བསྟར་བྱས་པ་ཡོངས་རྫོགས་ལེགས་གྲུབ་བྱུང་ཡོད།

ད་ཐེངས་འཕེན་གཏོང་བྱས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དང་ཞོར་འདྲེན་ཚོད་ལྟའི་གྲུ་གཟིངས་དང་ཚོད་ལྟའི་གྲུ་ཚང་ནི་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཀྱི་ཀྲུང་གོ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ལག་རྩལ་ཞིབ་འཇུག་ཁང་དང་། ཀྲུང་གོ་བར་སྣང་ལག་རྩལ་ཞིབ་འཇུག་ཁང་། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཀྱི་ཞིབ་འཇུག་ཁང་གཉིས་པ་བཅས་སོ་སོས་སྤྱིའི་ཞིབ་བཟོའི་ལས་འགན་ལ་དམ་འཛིན་བྱས་པ་ཞིག་རེད། འདི་ནི་རྒྱང་སྐྱོད་རིགས་ཀྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕུར་སྐྱོད་བྱེད་ཐེངས་331པ་དེ་རེད། (པ་ཚེ་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)