《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月05日

དམངས་ལ་ཕན་པའི་བྱ་བ་དངོས་ ཧུར་ཐག་བསྒྲུབས་པ།

—— གྲ་ནང་རྫོང་སྨིན་གྲུབ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་ནོར་བུ་སྒྲོལ་མའི་སྐོར་བཀོད་པ།

གྲོང་ཚོའི་དུད་ཚང་82ལ་རིན་ཐང་སྒོར་ཁྲི་16རི་བའི་ཉི་ནུས་ཆུ་སྲོ་ཆས་སྒྲིག་སྦྱོར་བྱས་པ་དང་། གྲོང་ཚོའི་བུ་བཅོལ་ཁང་གི་ཕྲུ་གུ་ཚོར་སྲིང་བལ་གྱི་ལྷམ་47སྤྲད་པ། རང་གིས་དངུལ་བཏོན་ནས་གྲོང་ཚོ་ཨུ་ལྷན་གྱི་འོས་འགན་བདེ་སྲུང་སྐོར་གཡེང་མཁན་ལ་སྐོར་གཡེང་གྱོན་ཆས་དང་དཔུང་རྟགས་དམར་པོ་སྤྲད་པ། རྟག་ཏུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང། ཏང་ཡོན་དབུལ་པོ། ཏང་ཡོན་རྒན་གྲས་བཅས་ཀྱི་ཁྱིམ་དུ་འཚམས་འདྲི་བྱེད་པར་འགྲོ་བ་སོགས་བྱེད་ཀྱི་ཡོད།

ལྷོ་ཁ་གྲོང་ཁྱེར་རྩིས་བཤེར་ཅུས་སྲིད་འཛིན་བྱ་གཞག་རྩིས་བཤེར་ཁོའོ་ཡི་ཁོའོ་ཀྲང་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་ནོར་བུ་སྒྲོལ་མའི་སྐོར་བརྗོད་སྐབས། གྲ་ནང་རྫོང་གྲ་ཕྱི་ཤང་སྨིན་གྲུབ་གྲོང་ཚོའི་འགན་ལེན་ལྔའི་དུད་ཚང་གི་ཉིའུ་མཚོ་མོས“ནོར་བུ་སྒྲོལ་མ་ནི་ང་ཚོའི་བློ་གཏད་བཅོས་ས་རེད། ང་ཚོར་དོན་དག་གང་ཞིག་ཡོད་རུང་། ཁོང་གིས་རང་ཉིདཀྱི་ལས་ཀར་བརྩིས་ཏེ་ལམ་སེང་ཐག་གཅོད་ཡག་པོ་བྱེད་ཀྱི་འདུག”ཅེས་བརྗོད།

ནོར་བུ་སྒྲོལ་མས“སྨིན་སྒྲུབ་གྲོང་ཚོ་ནི་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱི་རྗེས་ལུས་དང་། གཞུང་ལམ་འགྲིམ་འགྲུལ་སྟབས་བདེ་མེད་པ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེན་པོ་མེད་པ། མང་ཚོགས་ཕྱུག་འགྱུར་གྱི་ཐབས་ལམ་ཉུང་བའི་གྲོང་ཚོ་ཞིག་རེད། གྲོང་སྡོད་ལས་དོན་རུ་ཁག་བཅའ་སྡོད་བྱས་རྗེས་སྔ་རྗེས་སུ་ཚོགས་ཆུང་ཁག་དང་། གྲོང་ཚོའི་བུ་བཅོལ་ཁང་། གྲོང་ཚོའི་འགྲོ་ལམ། རྫིང་བུ་དང་ཆུ་ཡུར་སོགས་སུ་ཞིབ་བཤེར་དང་ཤེས་རྟོགས་བྱེད་པར་བསྐྱོད་དེ་གཞི་རྩའི་གནས་ཚུལ་ཁོང་དུ་ཆུད་པ་དང་། གནད་དོན་དང་དཀའ་ངལ་ཤེས་རྟོགས། ཐག་གཅོད་བྱ་ཐབས་ཞིབ་འཇུག དམིགས་སའི་རང་བཞིན་ཆེ་བའི་གྲོང་སྡོད་ལས་དོན་གྱི་འཆར་གཞི་འདིང་བ་བཅས་བྱས་ནས་སྨིན་སྒྲུབ་གྲོང་ཚོའི་རྣམ་པར་རིམ་བཞིན་འགྱུར་ལྡོག་བཏང་ཡོད”ཅེས་བརྗོད།

2019ལོའི་ཟླ་9པར། ནོར་བུ་སྒྲོལ་མས་ཐབས་ཤེས་བཏང་ནས་གྲ་ནང་རྫོང་གི་གཞུང་ལམ་བདག་སྐྱོང་དུམ་བུ་དང་འབྲེལ་གཏུག་བྱས་པ་དང་ཆབས་ཅིག གྲ་ནང་རྫོང་གཞུང་ལམ་བདག་སྐྱོང་དུམ་བུའི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་སྨིན་གྲུབ་གྲོང་ཚོའི་ཕག་གསོ་ར་བའི་རྣམ་གྲངས་འཛུགས་སྐྲུན་གྱི་ས་ཁོད་སྙོམས་པ་དང་རྩྭ་འབུ་སུ་ཧང་འདེབས་འཛུགས་རྟེན་གཞིའི་འཕྲུལ་འཁོར་འགྲོ་ལམ་ཉམས་གསོའི་རྣམ་གྲངས་དོན་འཁྱོལ་བྱུང་ཡོད། ཉིན་8འབད་བརྩོན་བྱས་པ་བརྒྱུད། འཕྲུལ་འཁོར་འགྲོ་ལམ་ཤར་གཏོང་ཐུབ་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་ཡོད་པ་རེད། (དཀོན་སྒྲོལ་གྱིས་བསྒྱུར། བསྟན་བློས་ཞུས)