《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月05日

ཞི་ཅིན་ཕིང་གིས་དུས་རབས་གསར་པའི་གཞོན་ནུར་ལྕག་སྐུལ་གནང་སྟེ།

ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་བ་དང་། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་བ། འཇོན་ཐང་བྱང་ཆུབ་པ་སྦྱོང་བ། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་རླབས་ཆེན་བྱ་གཞག་ནང་ཞུགས་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ།

རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུ་ཚོར་དུས་ཆེན་ལ་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ཉེའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་གནང་སྟེ་རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུ་ཚོར་དུས་ཆེན་ལ་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།

ཞི་ཅིན་ཕིང་གིས་ཞུན་བརྡར་བརྒྱུད་ལང་ཚོའི་གཟི་མདངས་འཕྲོ་བ་དང་། འབད་འཐབ་ལས་མི་ཚེའི་བཀྲག་མདངས་འཚེར། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུ་ཚོས་ཏང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ནང་ཧུར་ཐག་ཞུགས་ཏེ་དཀའ་ཉེན་ལ་མི་སྐྲག་པ་དང་། འཐབ་ས་དང་པོར་བསྐྱོད་པ། ཟོལ་མེད་ཀྱི་བརྩེ་སེམས་ལེགས་སྐྱེས་འབུལ་བ་བཅས་ཀྱི་སྒོ་ནས་དེང་རབས་ཀྲུང་གོའི་གཞོན་ནུའི་འགན་འཁུར་བའི་སྙིང་སྟོབས་མཚོན་པར་བྱས་པས་ཏང་དང་མི་དམངས་ཀྱི་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད། ཁྱེད་ཚོའི་ལས་དོན་བསྒྲུབས་ཚུལ་ལ་ང་སྤོབས་པ་སྐྱེ་ཡི་འདུག་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཐག་གཅོད་དམག་འཐབ་ཀྱི་མཇུག་བསྡུའི་ལོ་ཞིག་རེད་ལ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འབྲེལ་མཚམས་ཀྱི་ལོ་ཞིག་ཀྱང་རེད། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཚོས་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་བ་དང་། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་བ། འཇོན་ཐང་བྱང་ཆུབ་པ་སྦྱོང་བ། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་རླབས་ཆེན་བྱ་གཞག་ནང་ཞུགས་པ་བཅས་ཀྱི་སྒོ་ནས་དཀའ་སྤྱད་འབད་འཐབ་ངང་མདུན་སྐྱོད་བྱེད་པའི་བྱ་ཐབས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་མི་དམངས་དུང་ཕྱུར་མང་པོ་དང་མཉམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་དཔའ་ངར་ཆེན་པོས་འབད་འབུངས་ལྷོད་མེད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་དེ་བཞིན་སྤྱི་ཚོགས་ཡོངས་ཀྱིས་གཞོན་ནུའི་འཚར་ལོངས་ལ་སེམས་ཁུར་དང་རྒྱ་ཆེའི་གཞོན་ནུ་ཚོས་བྱས་རྗེས་འཇོག་པར་རྒྱབ་སྐྱོར་བྱེད་དགོས། གུང་གཞོན་སྡེ་ཚོགས་ཀྱིས་ཏང་གིས་དཀྲིས་པའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་། རྒྱ་ཆེའི་སྡེ་ཚོགས་ཀྱི་ཚོགས་མིར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།