《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月29日

ཀྲོང་ཡན་གྱིས་ཆབ་མདོ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་གནང་བ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་4ཚེས་27ཉིན་གློག་འཕྲིན་འབྱོར་གསལ། རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་21ཉིན་ནས་24ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་ཐབས་ལ་བརྟེན་ནས་ཆབ་མདོ་གྲོང་ཁྱེར་དུ་ཕེབས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་གནང་བ་རེད།

ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་རྒྱབ་རི་གྲོང་ཚོའི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་མཉམ་ལས་ཁང་གིས“ཏང་ཀྲི་པུའུ་དང་། རྒྱུན་འཛིན་པ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་། མཉམ་ལས་ཁང་བཅས་ཟུང་དུ་འབྲེལ་བའི”བྱེད་ཐབས་བརྒྱུད། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་40ལྷག་ཙམ་བཏང་བ་དང་། ལོ་ལྟར་འགན་གཙང་བླངས་པའི་བོགས་དངུལ་སྒོར་ཁྲི་20འཇལ་བ་མ་ཟད། མི་འབོར་དབུལ་པོ་8ལས་ཞུགས་བརྟན་པོ་ཡོང་བ་བྱས་ཡོད། ཀྲོང་ཡན་གྱིས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་དབུལ་སྒྲོལ་འགག་སྒྲོལ་མངོན་འགྱུར་བྱེད་པའི་རྩ་བའི་ཐབས་ཇུས་ཤིག་ཡིན་པས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དང་། རང་ས་རང་ཡུལ་ནས་མི་འབྲལ་བ། ལས་དོན་སྒྲུབ་མཁས་པ་དང་སྒྲུབ་ཤེས་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་ཆེ་རུ་དང་དེ་བས་བརྟན་པའི་ཁེ་ཕན་གྱི་སྦྲེལ་ཐག་ལམ་སྲོལ་བཙུགས་ཏེ་ཐོན་ལས་འཕེལ་རྒྱས་ཁྲོད་མང་ཚོགས་དབུལ་པོ་ལས་ཞུགས་བརྟན་པོ་དང་འབབ་འཕར་བརྟན་པོ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

ཆབ་མདོ་གྲོང་ཁྱེར་དང་དེ་བཞིན་དཔའ་ཤོད་རྫོང་དུ་བཞུགས་མོལ་གནང་སྐབས། ཀྲོང་ཡན་གྱིས་སྐོར་གཟིགས“ཕྱིར་མིག་ལྟ་བའི”དག་ཐེར་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱ་རྒྱུ་ནི“སྲུང་སྐྱོང་གཉིས”ལག་བསྟར་བྱེད་པའི་ཐད་ཀའི་མཚོན་ཚུལ་ཞིག་ཡིན་པས། ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་དམ་འཛིན་ལྷོད་མེད་དང་དམ་འཛིན་ཡག་པོ་བྱེད་དགོས། དབུལ་པོ་བསྐྱར་ལོག་གི“མཐའ་ཚད”དེ་སྲུང་བ་དང་། ལས་ཞུགས་གཞན་སྒྱུར་གྱི“འགག་གནད”དང་ཐོན་ལས་འཕེལ་རྒྱས་ཀྱི“འགག་རྩ”དེར་དམ་འཛིན་ཡག་པོ་བྱེད་པ། རྗེས་མཐུད་རོགས་སྐྱོར་གྱི“ཞན་ཆ”སེལ་བ། རང་ངོས་འཕེལ་རྒྱས་ནུས་པའི“སྒུལ་ནུས”ཆེ་རུ་གཏོང་བ། རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་སེལ་བ་བཅས་བྱས་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་གྱིས་དག་ཐེར་གྱི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བ་བྱེད་དགོས་པ་དང་། དམིགས་ཚད་ལ་དམིགས་པ་དང་། གསོ་སྦྱོང་མཛུབ་ཁྲིད་ལ་ཤུགས་སྣོན། དུས་བཀག་གི་བླང་བྱ་ཁོང་དུ་ཆུད་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་བཤེར་གྲ་སྒྲིག་ལས་དོན་ལ་གཞོགས་འདེགས་ཡག་པོ་བྱས་ཏེ་ཡོངས་བཤེར་གྱི་གྲངས་གཞི་བདེན་པ་བདེན་ཐུབ་ཡོང་བའི་འགན་ལེན་གྱིས་སྤུས་ཚད་མཐོ་པོའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་མཇུག་བསྡུའི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་ཆེ་ཤོས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

(ཉི་དོན་གྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)