《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月29日

བདེ་སྐྱིད་གྲོང་ཚོའི་པ་སངས་ཁྱོ་ཤུག་གིས་གྲོང་མི་ཚོར་སྔོ་ཚལ་འདེབས་རྒྱུའི་སྐུལ་ཁྲིད་བྱས་པ།

སྔོ་ཚལ་འགྱིག་ཤོག་དྲོད་ཁང་ལ་བརྟེན་ནས་འབྱོར་འབྲིང་ཕུགས་འདུན་མངོན་འགྱུར་བྱས་པ།

ཟླ་བཞི་པའི་ཟླ་དཀྱིལ་དུ། ཆུ་ཤུར་རྫོང་མཉེས་ཐང་ཤང་བདེ་སྐྱིད་གྲོང་ཚོའི་གྲོང་མི་པ་སངས་ཁྱིམ་གྱི་སྔོ་ཚལ་འགྱིག་ཤོག་དྲོད་ཁང་དུ་འཛུལ་སྐབས། པད་དཀར་གྱི་སྐྱེ་འཚར་ཡག་པོ་ཡོད་ཅིང་། པ་སངས་དང་ཁོ་མོའི་བཟའ་ཟླ་སྐལ་བཟང་གིས་པད་དཀར་བཀོག་བཞིན་ཡོད་པ་རེད།

“ང་ཚོར་ཁྱོན་སྔོ་ཚལ་འགྱིག་ཤོག་དྲོད་ཁང་4ཡོད་པ་ལས་གསུམ་གྱི་ནང་དུ་པད་དཀར་བཏབ་ཡོད་ལ་གཅིག་གི་ནང་དུ་པད་ཚལ་བཏབ་ཡོད”ཅེས་པ་སངས་ཀྱིས་གསར་འགོད་པར་བཤད་བྱུང་།

པ་སངས་ཀྱིས་སྔོ་ཚལ་བཏབ་ནས་ལོ་30ལྷག་ཕྱིན་སོང་། ཁོ་མོ་ལོ་ན་གཞོན་སྐབས། བདུན་གཅིག་ཞིང་རར་ཧོང་ཀྭ་དང་ཀྲོ་མ་ཀྲུ་སོགས་ཀྱི་སྔོ་ཚལ་འདེབས་འཛུགས་ལག་རྩལ་སྦྱངས་མྱོང་ཡོད་པ་རེད།

2006ལོར། ཆུ་ཤུར་རྫོང་གིས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་སྤེལ་མགྱོགས་སུ་གཏོང་སྐབས། པ་སངས་ཀྱིས་ཤང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཞུས་ཏེ། རང་ཁྱིམ་གྱི་སྡོད་ཁང་གསར་པའི་འཁྲིས་སུ་སྔོ་ཚལ་འགྱིག་ཤོག་དྲོད་ཁང་བརྒྱབ་པ་དང་། མ་དངུལ་དང་ལག་རྩལ་སོགས་ཀྱི་ཐད་ལ་སེམས་ཁྲལ་གཅིག་ཀྱང་བྱེད་མི་དགོས་པ་དང་ལོ་རེརེ་ས་ཞིང་འགན་གཙང་བླངས་པའི་བོགས་དངུལ་ལས་སྤྲོད་དགོས་ཀྱི་མེད།

“མགྱོགས་ཙམ་བྱོས། རླངས་འཁོར་སླེབས་སོང”སྐལ་བཟང་གིས་པད་དཀར་སླེལ་པོ་གཉིས་ཁྱེར་ནས་པ་སངས་ལ་དེ་ལྟར་བཤད།

རླངས་འཁོར་བཏང་ནས་སྔོ་ཚལ་ཉོ་བར་ཡོང་མཁན་ནི་ཝེ་ཀྲའོ་ཅན་རེད། ཝེ་ཀྲའོ་ཅན་གྱིས་སྐལ་བཟང་གི་ལག་པའི་ནང་གི་པད་དཀར་སླེལ་པོ་གཉིས་པོ་ཚུར་བླངས་རྗེས་སྐལ་བཟང་ལ་དངུལ་སྨར་སྤྲད་པ་རེད།

གསར་འགོད་པས་དྲོད་ཁང་ནང་གི་སྔོ་ཚལ་སྐྱེ་འཚར་ལ་ལྟ་མི་དགོས་སམ་ཞེས་དྲིས་པར་ཝེ་ཀྲའོ་ཅན་གྱིས་ལག་པ་གཡུག་གཡུག་བྱས་ནས“པ་སངས་ཀྱིས་བཏབ་པའི་སྔོ་ཚལ་ཡག་པོ་ཡོད། ཁོང་ཁྱོ་ཤུག་ལ་ཡིད་ཆེས་བྱེད་ཆོག་པ་ཞིག་ཡོད། སྐབས་རེར་མ་དངུལ་འཁོར་རྒྱུག་ཡག་པོ་མ་ཐུབ་ཀྱང་སྔོ་ཚལ་ང་ལ་འཚོང་གི་འདུག་པས། ཁོ་མོས་སྔོ་ཚལ་བཏབ་ན་ང་ཉོ་བར་ཡོང་གི་ཡོད”ཅེས་བཤད་པ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

སྔོ་ཚལ་འདེབས་པར་རྟག་ཏུ་འདི་ལྟར་ལམ་འགྲོ་རྒྱུག་གི་ཡོད་དམ་ཞེས་དྲིས་པར། པ་སངས་ཀྱིས་མགོ་བོ་གཡུག་གཡུག་བྱེད་ཞོར“ན་ནིང་། དྲོད་ཁང་གི་པད་ཚལ་སྐྱེ་འཚར་ཡག་པོ་མ་བྱུང་བའི་གནས་ཚུལ་ཐོན་བྱུང་། ཡིན་ནའང་ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་རིགས་གཅིག་མཁས་ཅན་གྱིས་རོགས་རམ་ཐག་གཅོད་གནང་བྱུང་། གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་ད་དུང་ང་རང་ཅང་སུའུ་དང་ཡུན་ནན་སོགས་སུ་འདེབས་འཛུགས་ལག་རྩལ་གསོ་སྦྱོང་དང་འདེབས་འཛུགས་གླིང་ལ་ལྟ་སྐོར་བྱེད་པར་མངགས་ནས། ངའི་འདེབས་འཛུགས་རྩལ་ནུས་ཆེ་རུ་བཏང་བྱུང”ཞེས་བཤད།

དེ་ལྟར་སློབ་སྦྱོང་དང་འདེབས་འཛུགས་བྱེད་ཞོར་དུ། པ་སངས་ཀྱི་སྔོ་ཚལ་འདེབས་འཛུགས་ལག་རྩལ་ཇེ་མཐོ་ནས་ཇེ་མཐོར་སོང་སྟེ། ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་ཚན་རྩལ་ཆེད་མངགས་པ་ཞིག་ཏུ་གྱུར་བ་རེད།

“ན་ནིང་སྔོ་ཚལ་བཏབ་པར་ཡོང་འབབ་ཁེ་གཙང་སྒོར་ཁྲི་8ལྷག་ཙམ་བྱུང་། སླད་ཕྱིན་གྲོང་མི་སྔར་ལས་མང་བར་སྔོ་ཚལ་བཏབ་ནས་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱ་རྒྱུ་ཡིན”ཞེས་པ་སངས་ཀྱིས་བཤད་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། སྐལ་བཟང་མཆོག་སྐྱིད་ཀྱིས་ཞུས)