《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月29日

ཝུའུ་དབྱིང་ཅེས་ནག་ཆུ་གྲོང་ཁྱེར་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།

བོད་ལྗོངས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགན་ལེན་བྱེད་དགོས།

ཟླ་4ཚེས་26དང་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དང་གསེར་རྙེད་ཆུས་སོགས་སུ་ཕེབས་ནས་བརྟག་ཞིབ་གནང་ཞིང་། འདི་ནི་ནག་ཆུའི་གྲང་ངར་ཆེ་བའི་ཁུལ་གྱི་ཚན་རྩལ་ཤིང་འཛུགས་རྟེན་གཞིར། ཝུའུ་དབྱིང་ཅེས་ཤིང་སོན་འདེམས་པ་དང་གསོན་ཚད་དང་། མང་ཚོགས་འབབ་འཕར་ལ་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གསེར་རྙེད་ནས་ཟླ་4ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་26དང་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དང་གསེར་རྙེད་ཆུས་སོགས་སུ་ཕེབས་ནས། ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ཚུར་ལན་གནད་དོན་དག་ཐེར་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཆེར་གཏོང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། གཞི་རིམ་ཏང་འཛུགས་སྐྱོང་སོགས་ཀྱི་ཐད་བརྟག་ཞིབ་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

དཔལ་མགོན་རྫོང་དང་གསེར་རྙེད་ཆུས་སུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་སྔ་རྗེས་སུ་རྟོག་ཞིབ་གནང་རྗེས། ཚེས་26ཉིན་གྱི་དགོང་མོ། ཝུའུ་དབྱིང་ཅེས་ནག་ཆུ་གྲོང་ཁྱེར་གྱི་ལས་དོན་སྙན་སེང་གསན་པ་དང་འབྲེལ། ཉེ་བའི་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གྲུབ་འབྲས་འདི་དག་ཐོབ་པ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་གཟིགས་སྐྱོང་བཅས་ལ་བརྟེན་ནས་ཐོབ་པ་དང་། ཆབས་ཅིག་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད་ལ། ནག་ཆུ་གྲོང་ཁྱེར་གྱི་སྐབས་རིམ་བྱུང་ཚན་ཁག་གིས་བཏིང་བའི་རྨང་གཞི་ཡག་པོ་དང་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་འཐབ་དང་ཐུན་མོང་འབད་བརྩོན་བྱས་པ་དང་ཁ་འབྲལ་ཐབས་མེད་ཅེས་གསུངས་པ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཝུའུ་དབྱིང་ཅེས་འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་ཡོང་བའི་ལོ་ཞིག་ཡིན་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་མཇུག་བསྡུའི་ལོ་ཞིག་ཀྱང་ཡིན་པས། དུས་ཚོད་ཛ་དྲག་ལ་ལས་འགན་ལྕི་པོ་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་དུས་སུ་ཇི་ཙམ་སླེབས་ན་དེ་ཙམ་གྱིས་ལྷོད་གཡེང་གཏོང་རྒྱུ་མེད། ང་ཚོས་དབུལ་སྒྲོལ་འགག་སྒྲོལ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། མཐའ་སྐྱོང་བོད་བརྟན་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དང་གནད་དོན་ལ་བསམ་གཞིག་བྱས་ནས་ལས་དོན་སྤེལ་བར་ཁ་ཕྱོགས་ཡོད་པ་དང་། ཐབས་ཤེས་ཡོད་པ། གཏིང་ཤུགས་ཡོད་པ། གདེང་ཚོད་ཡོད་པ་བཅས་ཡོང་བའི་འགན་ལེན་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་དངོས་མི་སེམས་གཅིག་སྒྲིལ་དང་དམངས་འཚོ་ལེགས་གཏོང་ཐད་དོན་འཁྱོལ་བྱེད་པ། ལས་དོན་ཁག་ལ་སྤྱི་འདོམས་ཀྱིས་དམ་འཛིན་ཡག་པོ་བཅས་བྱས་ཏེ་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ་སྟེ།

གཅིག་ནས་ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་དང་། དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་ལ་བློ་བརྟན་འགྱུར་མེད་ཀྱིས་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོབ་བཅས་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། དར་ཆ་གསལ་སྟོན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་དེ་ཐོན་པའི་ཤུགས་རྐྱེན་ངན་པ་མེད་པར་བཟོས་ནས་དད་ལྡན་མང་ཚོགས་ལ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་སེལ་བ་དང་། སེམས་ཤུགས་གཙོ་བོ་ཐོན་སྐྱེད་གོང་འཕེལ་དང་འཚོ་བ་ལེགས་སུ་གཏོང་བའི་ཐད་འཇོག་པ། དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས།

གཉིས་ནས་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་སྦྲེལ་མཐུད་ལས་དོན་ཡག་པོ་སྒྲུབ་དགོས། གནད་སྨིན་གསལ་འབྱེད་དང་། ཐོན་ལས་འདེགས་སྐྱོར། སྲིད་ཇུས་སྐུལ་ལྕག ལས་ཞུགས་སྔོན་འཇོག བོད་སྐྱོར་འདེགས་སྐྱོར། སྤྱི་ཚོགས་ཐ་སྐྱོང་བཅས་ཀྱི་ལས་དོན་ཁག་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཆེ་རུ་གཏོང་དགོས། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་རིགས་དབྱེ་ཇུས་འདོན་བྱས་ནས“ཤང་རེར་མཉམ་ལས་ཚོགས་པ་རེ”དང“གྲོང་ཚོ་རེར་མཉམ་ལས་ཁང་རེ”འཕེལ་རྒྱས་ཡག་པོ་བཏང་ནས་ཁྱབ་གདལ་ཡག་པོ་བྱུང་བའི་ཉམས་མྱོང་དུས་ཐོག་ཏུ་ཕྱོགས་སྡོམ་བྱེད་པ་དང་འབྲེལ། ཐག་གཅོད་བྱེད་དགོས་པའི་གནད་ཐོན་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས་མཉམ་ལས་རྩ་འཛུགས་ཀྱིས་འབྲོག་ཁུལ་གྱི་མང་ཚོགས་རྒྱུན་མཐུད་དབུལ་སྒྲོལ་བརྟན་པོ་ཡོང་བར་སྐུལ་ཁྲིད་ཐུབ་པའི་འགན་ལེན་བྱེད་དགོས། མང་ཚོགས་ལ་བསམ་བློ་བཅིངས་འགྲོལ་དང་། འདུ་ཤེས་གསར་སྒྱུར། ཕྱུགས་ཟོག“དགུན་བཤས་གཏོང་བའི”གོམས་སྲོལ་སྒྱུར་བ་བཅས་ལ་ཁྲིད་སྟོན་བྱས་ནས། ནོར་ལུག་ཤ་ཤེད་རྒྱས་པའི་དུས་སུ་བཤས་བཏང་ནས་བཙོངས་ཏེ་ཕྱུགས་ཟོག་བཤས་གཏོང་ཚད་དང་འཚོང་ཚད་མཐོ་རུ་གཏོང་བ་དང་། ཟོག་འགྲེམས་སྡེབ་སྐྱེལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། འབྲོག་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞིའི་གྲང་ཕྲེང་ཟོག་འགྲེམས་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ནག་ཆུའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ནས། ས་མཐོའི་འབྲོག་ལས་འདི་ཉིད་བོད་བྱང་ཐང་དུ་དབུལ་སྒྲོལ་དམངས་ཕྱུག་ཡོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ལ་འགྱུར་བ་བྱེད་དགོས། ཞིང་འབྲོག་པ་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་པ་དང་ཐག་ཉེ་ས་དང་། སྟབས་བདེ་ས་དང་རང་ས་རང་ཡུལ་ནས་མི་བྲལ་བ། སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཞིང་འབྲོག་པའི་ངལ་རྩོལ་ནུས་ཤུགས་སྒྲིག་འཛུགས་ཅན་གྱི་ཚད་གཞི་མཐོ་རུ་ཏན་ཏིག་གཏོང་བ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་བརྟེན་པ། ཁེ་ལས་ཀྱི་ལས་མིའི་དགོས་མཁོ་དང་གནད་སྨིན་སྦྲེལ་མཐུད་ཡོང་བ་བཅས་བྱས་ཏེ་མང་ཚོགས་ལས་ཞུགས་གཞན་སྒྱུར་གང་མགྱོགས་ཐུབ་པ་བྱེད་དགོས།

གསུམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་ཇུས་འགོད་ཡག་པོ་བྱེད་དགོས། མིག་སྔའི་དཔལ་འབྱོར་ལས་དོན་ལེགས་པར་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་བཏོན་པའི“བྱེད་དགོས་པ་11”གི་བཀོད་སྒྲིག་ལ་དམ་པོར་གཞིགས་ནས། ནུས་ཤུགས་ཡོད་རྒུས“བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པ་དང་། རིམས་ནད་ལས་དབུལ་སྒྲོལ་འགག་སྒྲོལ་ལ་ཐེབས་པའི་ཤུགས་རྐྱེན་ཁྱད་བསད་བྱེད་པ། དམངས་འཚོའི་ཐོན་སྐྱེད་ཁྱབ་ཁོངས་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ལས་དོན་སྒྲིག་འཛུགས་བྱེད་པ། ཡུལ་སྐོར་སོགས་ཀྱི་ཞབས་ཞུའི་ལས་རིགས་དང་རིམས་ནད་ཀྱི་ཤུགས་རྐྱེན་ཅུང་ཆེ་ཙམ་ཐེབས་པའི་མང་ཚོགས་དབུལ་པོ་ཐོན་ལས་དང་པོར་ལས་གནས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་འབྲེལ། ཁོང་ཚོ་ཐག་ཉེ་ས་དང་སྟབས་བདེ་སར་ཞིང་འབྲོག་ལས་ཐོན་སྐྱེད་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་ཀར་ཞུགས་རྒྱུར་ཁྲིད་སྟོན་བཅས་བྱས་ནས་དུས་བཀག་བཞིན་ལོ་འཁོར་དུ་གཏན་ལ་ཕབ་པའི་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས།

བཞི་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཏན་ཏིག་དང་ཡག་པོ་སྒྲུབ་དགོས། མ་བྱུང་སྔོན་འགོག་རྩ་དོན་དུ་བཟུང་ནས་ལས་དོན་སྒྲུབ་པ་དང་། གནས་ཚུལ་ཆེན་པོ་མ་ཐོན་སྔོན་འགོག་རྨང་གཞིར་བྱས་ནས་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་ལས་འགན་དོན་འཁྱོལ་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། གཏན་ལ་ཕབ་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བཅས་བྱས་ནས། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་ནས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་དགོན་སྡེ་དོ་དམ་གྱི“གནད་འགག”འདིར་དམ་འཛིན་ཡག་པོ་བྱས་ནས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁྲོད་ཆོས་ལུགས་ལས་རིགས་མི་སྣ་དང་གྲྭ་བཙུན་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་དགོན་སྡེ་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས།

ལྔ་ནས་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ཡག་པོ་ཡོང་བའི་འགན་ལེན་བྱེད་དགོས། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཟབ་ཏུ་བཏང་ནས། མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་དེ་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་འབུལ་བར་བརྩིས་ཏེ། རི་ཆུ་ནགས་ཞིང་མཚོ་རྩྭའི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱེད་པ་དང་། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་བཏང་སྟེ་འཛམ་གླིང་ཐོག་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱེད་དགོས།

དྲུག་ནས་བོད་སྐྱོར་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། མ་དངུལ་བོད་སྐྱོར་དང་རྣམ་གྲངས་བོད་སྐྱོར་ལས་དོན་མུ་མཐུད་ཏན་ཏིག་སྒྲུབ་པ་དང་འབྲེལ། སྨན་བཅོས་དང་སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་ཕན་ཡོད་ཉམས་མྱོང་ཕྱོགས་སྡོམ་ཡག་པོ་བྱེད་པ་དང་། བོད་སྐྱོར་གྱི་ལེགས་ཆ་ཡག་པོ་སྤྱོད་པ། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁེ་ལས་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་འབྲོག་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི“ཚོགས་སྒྲིག་ཆུང་ངུའི” བོད་སྐྱོར་ལས་དོན་བྱ་ཐབས་འཚོལ་ཞིབ་བཅས་བྱས་ཏེ་བོད་སྐྱོར་ལས་དོན་གྱི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས།

བདུན་ནས་གྲོང་ཁྱེར་དོ་དམ་ལ་ཁྲིམས་བཞིན་སྐུལ་འདེད་གཏོང་དགོས། དེ་བས་མཐོ་བའི་ཚད་གཞི་དང་བླང་བྱར་བརྟེན་ནས་གྲོང་ཁྱེར་གྱི་སྤུས་ཚད་དང་གྲོང་ཁྱེར་གྱི་ཕྱོགས་བསྡུས་དོ་དམ་ཞིབ་ཕྲ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་སུ་ཧུར་ཐག་གཏོང་བ། གྲོང་ཁྱེར་གྱི་ཤེས་དཔལ་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་སྐོང་དགོས།

བརྒྱད་ནས་ཏང་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ཏེ་ཏང་འཛུགས་སྐྱོང་གཅིག་འདོམས་སུ་བྱེད་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུ་ཏང་གི་བསམ་བློ་འཛུགས་སྐྱོང་གི་ལས་འགན་ཨང་དང་པོར་བརྩི་བ། ལས་བྱེད་པའི་ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁྲི་ཁུར་བ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་རྒྱུན་འཁྱོངས་ལྷོད་མེད་ངང་ཞུན་བརྡར་གཏོང་དགོས། མང་ཚོགས་གཉེན་ཉེར་བརྩི་བ་དང་མང་ཚོགས་ཀྱི་དོན་དག་རང་ཉིད་ཀྱི་དོན་དག་ལ་བརྩིས་ནས་སྒྲུབ་པ་དང་། བརྩེ་སེམས་འཆང་བཞིན་མང་ཚོགས་ཀྱི་ཁྲལ་མཁོ་ཆེ་ཤོས་དང་། མང་ཚོགས་ཀྱིས་སེམས་ཁྲལ་ཆེ་ཤོས་དང་རེ་སྒུག་ཆེ་ཤོས་བྱེད་པའི་དངོས་ཡོད་ཀྱི་དཀའ་ངལ་དང་གནད་དོན་བསལ་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། གྲོང་ཚོ་དང་གྲོང་ལྷན“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་ཚང་མ་ཏང་ཡོན་ཡིན་པ་མཐའ་འཁྱོངས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཉམས་ཞན་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་བཅོས་སྒྲིག་ནུས་ལྡན་བྱས་ཏེ་གྲོང་ཚོ་དང་གྲོང་ལྷན“ཨུ་ལྷན་གཉིས”ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆཌ་ཐུབ་པ། བརྟན་ལྷིང་སྲུང་སྐྱོང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་འཛུཌ་སྐྱོང་ཏན་ཏིག་བྱེད་དགོས།

བརྟག་ཞིབ་གནང་རིང་། ད་དུང་ཝུའུ་དབྱིང་ཅེས་ནག་ཆུའི་ས་བབ་མཐོ་བའི་ཁུལ་གྱི་ཚན་རྩལ་ཤིང་འཛུགས་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།

(པ་ཚེ་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)