《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月26日

༄༅།།སེམས་ཀྱི་འཁྲི་ཤིང་ལ་ཐོགས་པའི་ཁམ་བུ་མངར་མོ།

ངུ་ངག་གི་དབྱངས་རྟ་ཐོག་མ་ས་ཆེན་གྱི་པང་དུ་གྲགས་པ་ནས་བཟུང་མི་ལོ་འགའ་ཞིག་གི་རྗེས་ནས། བདག་སེམས་ལ་འཆར་སྒོ་སྣ་ཚོགས་ཀྱི་མཆོད་པ་གཤོམ་མཁན་ཞིག་བྱུང་བ་ནི། བདག་གིས་ནམ་ཡང་འཚོལ་སྙེག་བྱེད་བཞིན་པའི་བདག་གི་རྨི་ལམ་དེ་ཡིན།

ཆུང་དུས་སུ། ཨ་མས་བཤད་པའི་གནའ་གཏམ་འབའ་ཞིག་ནི་རང་གི་འཇིག་རྟེན་ལ་བཞག་པའི་མཚན་ཉིད་དུ་བརྩིས་ནས། རང་གི་མི་ཚེ་ནི་ནམ་ཡང་སྤྲོ་བའི་ཚིག་རྒྱན་གྱིས་བཅིངས་པའི་སྙན་ངག་ལྟ་བུ་ཞིག་ཏུ་ངོས་འཛིན་བྱས། དུས་དེ་ནས་བཟུང་། ངས་རང་གི་འཇིག་རྟེན་དུ་རྨི་ལམ་ཞེས་པའི་མེ་ཏོག་རྐང་གཅིག་བཏབ་ཅིང་། ལམ་ཞེས་པའི་མིང་ཚིག་ཅིག་གི་དོན་གསལ་པོར་རྟོགས་པར་བྱས། ལམ་ཞེས་པ་དེའི་དོན་ཅུང་ཟད་རྟོགས་པ་ནས་དཀའ་སྡུག་དང་རྨི་ལམ་ཞེས་པའི་མིང་ཚིག་འགའ་ཡང་མ་བོས་མགྲོན་པོ་ལྟར་ངའི་འཚོལ་སྙེག་གི་ལམ་ཁར་དལ་བུར་ཕེབས་ཡོང་། དོན་དམ་དུ་དེ་ནི་བདག་ལ་མཚོན་ན་དགའ་འོས་པ་ཞིག་སྟེ། དེ་ནི་ང་ལ་ཁ་ཕྱོགས་སྟོན་པའི་སྒྲོན་མེ་ཞིག་ཏུ་གྲུབ་འདུག་པས་སོ།

ཆུང་དུས་སུ། དྭངས་གཙང་ལྷད་མེད་ཀྱི་རྨི་ལམ་གྱི་བདུད་རྩི་ཞིག་ངའི་སྣང་བའི་ཕྱི་ནང་གཉིས་ཀར་ཐིམ་གྱིན། སེམས་པའི་གཙང་འགྲམ་དུ་སྡོང་ལོ་བཞིན་དུ་འཐོར་བྱུང་། དེ་དུས་ཀྱི་ངའི་ཕུགས་བསམ་དང་དགའ་ཕྱོགས་ནི་རི་མོ་འབྲི་རྒྱུ་དེ་ཡིན། ངས་ནམ་ཡང་ཕ་ཡུལ་གྱི་རྩི་ཤིང་ནགས་ཚལ་དང་སྲོག་ཆགས་ལ་སོགས་པ་གང་མང་ཞིག་རི་མོར་ཕབ་ནས་ཚོར་བས་དེད་པའི་ནང་སེམས་དེ་བརླན་འདོད། སྐབས་དེ་དུས། བདག་གི་གློ་སྙིང་མཆིན་གསུམ་ན་ཟུག་པའི་རྨི་ལམ་འདི་རྟོགས་མཁན་ཉུང་ཉུང་ཡིན་པས། དལ་མོར་བཞུར་བའི་དུས་ཚོད་ཀྱི་ཆུ་བོ་དང་ལྷན་ཅིག་བདག་གི་རྨི་ལམ་དེའང་རིམ་གྱིས་འཇའ་བཞིན་ཡལ་ལ་ཁད།

ལོ་ངོ་ཁ་ཤས་ཀྱི་འགྲུལ་བཞུད་རྫོགས་མོད། རྨི་ལམ་གྱི་མཛེས་སྡུག་འཚོལ་མཚམས་བཞག་མེད། ནང་སེམས་ལ་བྱི་དོར་རེ་བྱས་ཤིང་། རང་གིས་རང་ལ་དུས་ཚོད་ཀྱི་བགོ་སྐལ་རེ་བྱིན་ནས། མུ་མཐུད་རྨི་ལམ་འཚོལ་བའི་ལམ་དུ་ཞུགས། དྲང་མོར་བཤད་ན། རྨི་ལམ་ཟེར་བ་འདི་ལས་དབང་གིས་གནང་བའི་བགོ་སྐལ་ཞིག་ཡིན་ཡང་སྲིད་ལ། མི་ཚེ་འདིའི་བརྒྱུད་རིམ་དང་ལོངས་སྤྱོད་ཅིག་ཏུ་ཡང་འདོད་ཀྱིན་ཡོད། གང་ལྟར་དེ་ནི་རང་ལ་དབང་བའི་མཚར་སྡུག་དང་འཇིག་རྟེན་ཞིག་ཡིན་པ་ཅིས་ཀྱང་ཚོར་སོང་།

སྐབས་ཤིག་ལ་དངོས་སུ་རྨི་ལམ་ཞེས་པ་ཞིག་ཆུ་ཤེལ་གྱི་དཀྱིལ་འཁོར་བཞིན་ནང་སེམས་ཀྱི་ནམ་མཁར་འཆར་བྱུང་། དེ་དུས་བདག་གི་རབ་རིབ་ཀྱི་རྨི་ལམ་ལ་ཅུང་ཟད་ཁ་གསལ་བའི་དབུ་ཁྱུད་འབྲི་འགོ་ཚུགས། སྐབས་དེ་ནས་བཟུང་བདག་གི་རྨི་ལམ་ཞེས་པར་ཕུགས་བསམ་ཞེས་པའི་ཐ་སྙད་ཐེངས་དང་པོར་སྤྱད། རེད་ཨང་། ནར་སོན་པ་དང་བསྟུན་ནས་བདག་གི་རྨི་ལམ་མམ་ཕུགས་བསམ་ནི་རྩོམ་རིག་གི་ལྡིང་ཁང་ནས་གནས་མལ་བསྐྲུན་རྒྱུ་དེ་རེད།

མི་ཚེ་ནི་ཚོར་བ་ཁྲི་ཕྲག་གི་ཁུགས་སོ་ཡིན་ན། ཚོར་བ་ནི་རྨི་ལམ་གྱིས་ཕྱེས་པའི་གཏེར་ཁ་ཞིག་ཡིན་ཆོག་ཆོག་རེད། རྨི་ལམ་ཞེས་པ་ཞིག་བལྟམས་པས་ད་གཟོད་ཚོར་བ་མ་བོར་བའི་ཡང་དག་གི་ཁ་ཕྱོགས་ཤིག་རྙེད་ལ། ད་གཟོད་དགའ་སྐྱོ་ཆགས་སྡང་དག་གཏོར་སའི་ཁུང་བུ་ཞིག་ཀྱང་རྙེད་སོང་བ་འདྲ།

རིམ་བཞིན་རྩོམ་ཡིག་འབྲི་བ་ནི་བདག་གི་མིག་སྔའི་་ཕུགས་བསམ་ཡིན། ཕུགས་བསམ་དེའི་རྒྱབ་ཏུ་བདག་ལ་ཐོབ་ཤོར་གང་མང་ཞིག་ཡོང་ངེས་པ་ནི་ཆོས་ཉིད་དུ་སྨྲ་ཆོག་ཀྱང་། སྤོབས་པ་དང་དད་སེམས་ཀྱི་མདུན་དུ་དཀའ་བ་ཡོད་ཚད་ཇི་འདྲའི་ཉག་ཕྲ་བ་ཞིག་མ་རེད་དམ། དེ་ནི་ཕུགས་བསམ་གྱིས་ང་ལ་བསྩལ་བའི་སྟོབས་ཤུགས་རེད།

རྨི་ལམ་བཙལ་བཙལ་བའི་མཐའ་མར་རྨི་ལམ་གྱི་རིན་དོད་དུ་ཕུགས་བསམ་གྱི་ནོར་བུ་ལག་ཏུ་ལོན་ལ། ཅིས་ཀྱང་རྨི་ལམ་མེད་ན་རྒྱལ་ཁ་ཞེས་པ་ཞིག་ཀྱང་མེད་ངེས། དེ་བས་སྙིང་སྟོབས་ཀྱི་གཉའ་མི་སྒུར་བར། མདུན་སྐྱོད་ཀྱི་གོམ་མཚམས་མ་བཞག་ན། རྨི་ལམ་ནི་ཉི་འོད་བཞིན་ཀུན་ལ་དབང་ཆོག་ཆོག་ཅིག་དང་ཀུན་གྱིས་ལོངས་སུ་སྤྱོད་ཆོག་ཆོག་ཅིག་ཡིན་ངེས།

ང་ལ་ནམ་ཡང་རྨི་ལམ་ཡོད་ལ། རྨི་ལམ་ནི་སེམས་ཀྱི་འཁྲི་ཤིང་ལ་ཐོགས་པའི་ཁམ་བུ་མངར་མོ་ཞིག་ལགས་པས། ངས་མུ་མཐུད་དེ་རྨི་ལམ་དེའི་རྒྱུན་བསྐྱངས་ཏེ་ཕུཌ་འདུན་མངོན་འགྱུར་གྱི་སླད་དུ་མུ་མཐུད་ལམ་ལ་ཆས་ངེས་ཡིན།