《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月26日

༄༅།།དྲིན་ཆེན་མ་ལོ།

བསམ་མ་ཤེས་པའི་ཤ་རྡོག་གཅིག་དེ།

འགྲོ་འདུག་ལ་ཚེགས་མེད་ཅིང་།

གོ་བཤད་ལ་ཐོགས་མེད་པའི།

ཚུལ་ཁྲིམས་ཅན་ཞིག་ཏུ་སྐྱོང་མཛད།

དྲིན་ཆེན་གྱི་མ་ལོ།

ལོ་ཟླ་ཡི་ཁུར་པོས་བསྣན་ཏེ།

སྐུ་གཟུགས་རྩ་རིའི་སྨྱུག་མ།

མཚོན་གྱི་གཞུ་ལྟར་གུག་རུང་།

གཞུང་དྲང་གཤིས་རྒྱུད་མངའ་བ།

དྲིན་ཆེན་གྱི་མ་ལོ།

འཚོ་བའི་དཀའ་སྡུག་གིས་མནར་ཏེ།

དབུ་སྐྲ་སི་ལིང་ལྗང་པ།

སྐྱ་ཕྱེད་སྔོ་ཕྱེད་དུ་གྱུར་མོད།

ནམ་ཡང་སྤྲོ་སྣང་གིས་ཕྱུག་པ།

དྲིན་ཆེན་གྱི་མ་ལོ།

འབྱུང་གཞི་ནད་ཀྱིས་མནར་ཏེ།

གསུང་སྐད་བྱེའུ་ཆུང་འཇོལ་མོ།

དབ་དིབ་མི་སྙན་ལ་གྱུར་མོད།

ཤ་ཚའི་སྙིང་གཏམ་ལ་ཆད་མེད།

དྲིན་ཆེན་གྱི་མ་ལོ།

ཆོས་ཉིད་དུས་ཀྱི་ཕོ་ཉས།

གཉེར་རིས་བཙན་གྱིས་བྲིས་རྐྱེན།

ལང་ཚོའི་གཟི་མདངས་ཡལ་མོད།

བྱམས་བརྩེའི་ཞལ་མདངས་མ་ཉམས།

དྲིན་ཆེན་གྱི་མ་ལོ།

དལ་འབྱོར་མི་ལུས་ཀྱི་རིན་ཆེན།

འཆི་བའི་འཇིགས་པ་ཐུག་ཀྱང་།

སེམས་པ་བུ་ལ་འཁྲེང་བའི།

ཡོད་ཚད་བློས་གཏོང་ལ་དཔའ་བ།

དྲིན་ཆེན་གྱི་མ་ལོ།