《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月26日

སྲིད་ཇུས་བཟང་པོའི་དྲོ་འཇམ་ཉི་འོད་འོག ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་ཕྱོགས་སུ་སྐྱོད།

(པར་ངོས་དང་པོར་མཐུད)

མཉམ་འདྲེས—— ཐོན་ལས་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་བ།

གསར་འགོད་པས་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར། 2019ལོའི་ལོ་མགོར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཞིང་ལས་གྲོང་གསེབ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་པུའུ་དང་ཨུ་ལྷན་བདུན་གྱིས་མཉམ་དུ་ཡོངས་བསྒྲགས་བྱས་པའི་རྒྱལ་ཁབ་གྲོང་གསེབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་གི་མིང་ཐོ་ཁག་དང་པོའི་ཁྲོད་རང་ལྗོངས་ཀྱི་ཚན་པ་3ཚུད་ཡོད་པ་དེ་དག་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས། ཆབ་མདོ་གྲོང་ཁྱེར་ཁུལ་གསར་གྲོང་གསེབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་བཅས་རེད།

2019ལོར་རང་ལྗོངས་ཀྱིས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མུ་མཐུད་མཉམ་འདྲེས་བྱེད་པ་ལས་དོན་གལ་ཆེན་ཞིག་ལ་བརྩིས་ཏེ་ཁག་དྲུག་པའི་ཞིང་ལས་ཐོན་ལས་ཅན་གྱི་རྒྱལ་ཁབ་ཀྱི་གཙོ་གནད་སྣེ་འདྲེན་ཁེ་ལས་4དང་། ཁག་ལྔ་པའི་རང་སྐྱོང་ལྗོངས་རིམ་པའི་སྣེ་འདྲེན་ཁེ་ལས་5 ཁག་དང་པོའི་རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་དཔེ་སྟོན་ཁང་118དང་དཔེ་སྟོན་ཁྱིམ་ཚང་ཞིང(འབྲོག)ར་31བཅས་ཡིག་ཐོག་སྙན་ཞུ་ཕུལ་ནས་དངོས་གཏན་འཁེལ་བ་རེད།

ལྗོངས་ཡོངས་སུ་རྒྱལ་ཡོངས་ཀྱི“གྲོང་ཚོ་རེ་ལ་སྤུས་རྟགས་རེའི”དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་6དང་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་ཤང་དང་གྲོང་ཚོ་8མང་དུ་སོང་བ་དང་། ཁག་གསུམ་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་གསར་གཏོད་ལས་གཏོད་ཀྱི་ཕུལ་བྱུང་སྣེ་ཁྲིད་པ་4དང་རྒྱལ་ཡོངས་ཀྱི་ཞིང་ལས་གསར་གཏོད་ལས་གཏོད་སྐྱོང་གསོ་རྟེན་གཞི་3མང་དུ་སོང་བ། རྒྱལ་ཡོངས་ཀྱི་གྲོང་གསེབ་གསར་གཏོད་ལས་གཏོད་གླིང་ཁུལ་3མང་དུ་སོང་བ་མ་ཟད། གཡག་སྡེ་ཤད་མའི་མི་རིགས་གྱོན་ཆས་ལག་ཤེས་ཐོན་རྫས་རྣམ་གྲངས་ལ་རྒྱལ་ཡོངས་ཀྱི་གྲོང་གསེབ་ལས་གཏོད་གསར་གཏོད་འགྲན་སྡུར་ཆེ་མོ་སྐབས་གསུམ་པའི་ཐོག་མའི་གསར་གཏོད་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ་ཡོད།

གྲངས་གཞི་ལས་མངོན་པར་གཞིགས་ན། 2019ལོར་ལྗོངས་ཡོངས་སུ་རིམ་ཁག་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་146ཡོད་པ་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཁྲི་1.37ཟིན་ཏེ་ལོ་གོང་མའི་དུས་མཚུངས་ལས་57.8%འཕར་བ། རྒྱལ་ཡོངས་ཀྱི་ཁྱིམ་ཚང་འབྲོག་རའི་མིང་གཞུང་ནང་ཚུད་པའི་ཁྱིམ་ཚང་འབྲོག་ར་217ཡོད་པ། ལྗོངས་ཡོངས་ཀྱི་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་ཚད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་48.91ཟིན་ཏེ་ལོ་གོང་མའི་དུས་མཚུངས་ལས་16%འཕར་ཡོད།

སྤུས་ལེགས——

ཞིང་འབྲོག་ཐོན་རྫས་ཀྱི་སྤུས་རྟགས་གཅིག་རྗེས་གཉིས་མཐུད་ངང་ཐོན་པ།

2019ལོར་རང་ལྗོངས་ཀྱི་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད།

ལོ་གཅིག་རིང་། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་སྤྱི་བདེ་དང་ཁྲོམ་ར་ལྟ་འདོམས་སྡེ་ཚན་དང་མཉམ་འབྲེལ་ཐོག་ཞིང་ལས་ཐོན་རྫས་སྤུས་ཚད་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ཞིང་། ཞིང་ལས་ཐོན་རྫས་གཙོ་བོར་ལྟ་ཞིབ་ཚད་ལེན་བྱས་པར་ཚད་གཞི་ལོན་ཚད་97.6%ཟིན་པ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་རྒྱལ་ཁབ་རིམ་པའི་རྫོང་3དང་རང་སྐྱོང་ལྗོངས་རིམ་པའི་རྫོང་7གཏོད་འཛུགས་ལས་དོན་ལེགས་གྲུབ་ཟིན་པ། ཞིང་འབྲོག་ལས་ཀྱི་ཚད་གཞི་སྣ་ཚོགས་92བཟོ་བཅོས་གཏན་འཁེལ་བྱས་པ། “སྤུས་རྟགས་གསུམ་དང་ཚད་གཞི་གཅིག”གི་ཞིང་ལས་ཐོན་རྫས་178མང་དུ་ཕྱིན་པ། རིམ་རྩིས་བྱས་ན་ཐོན་རྫས་ལ་རྒྱལ་སྤྱི་རྒྱལ་ནང་གི་འགྲེམས་ཚོང་དང་འགྲེམས་ཚོགས་ཐོག་གསེར་གྱི་བྱ་དགའ་41ཐོབ་ཡོད།

སོག་མ་ཕྱོགས་བསྡུས་སྤྱོད་ཚད་93.6%ཟིན་པ་དང་། རྫས་ལུད་དང་ཞིང་སྨན་སྤྱོད་ཚད་མང་དུ་སོང་མེད་པ། གསོ་ཚགས་ར་བའི་ཕྱུགས་རིགས་ཀྱི་ལྕི་བ་དང་བྱ་བྲུན་ཕྱོགས་བསྡུས་སྤྱོད་ཚད་70%ལྷག་ཙམ་ཟིན་ཡོད། འབྲོང་པ་རྫོང་དང་པ་སྣམ་རྫོང་གཉིས་རྒྱལ་ཁབ་ཀྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་བསྟར་ཁུལ་སོགས་སུ་གྲུབ་འབྲས་ཐོབ་པར་གཏོད་འཛུགས་བྱས་ཡོད།

སྒྱུར་བཅོས——

ཐོན་སྐྱེད་ཀྱི་མི་མངོན་པའི་ནུས་པ་སྔར་བས་ཆེ་རུ་སོང་བ།

སྒྱུར་བཅོས་བྱེད་པ་ནི་ཞིང་འབྲོག་པར་ལམ་བུ་གསར་པ་ཞིག་གཏོད་ཆེད་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་གསར་གཏོད་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད།

2019ལོར་ལྗོངས་ཡོངས་ཀྱིས་ཐོན་ཁུངས་རང་བཞིན་གྱི་རྒྱུ་ནོར་མུའུ་དུང་ཕྱུར་1.67དང་། གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་སྒོར་དུང་ཕྱུར་94.3 གཉེར་སྐྱོང་རང་བཞིན་མིན་པའི་རྒྱུ་ནོར་སྒོར་དུང་ཕྱུར་128.8བཅས་ལ་གཙང་བཤེར་བྱས་ཤིང་། ཁག་གསུམ་པའི་རྒྱལ་ཁབ་རིམ་པའི་གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་རྫོང་ཡིན་པའི་བྲག་ཡིབ་ཆུས་ཀྱིས་ཚོད་ལྟའི་ལས་འགན་ལེགས་སྒྲུབ་བྱས་པ་དང་། སྟག་རྩེ་དང་སྣེ་གདོང་སོགས་རྫོང་དང་ཆུས་8ཁག་བཞི་པའི་ཚོད་ལྟའི་ས་ཚིགས་སུ་གཏན་འཁེལ་བྱས་པ། “1+6”གྲོང་གསེབ་སྒྱུར་བཅོས་ཚོད་ལྟའི་ཁུལ་དུ་དུས་འབྲིང་ཚོད་སྐོར་ལེགས་གྲུབ་ཟིན་ཏེ་ཆུ་ཤུར་རྫོང་གི་ས་ཆ་འགན་གཙང་གཉེར་སྐྱོང་དབང་ཆ་རིན་འདོད་ཕྱིར་འཐེན་དང་ཞིང་པའི་མཉམ་སྡེབ་ཡོང་འབབ་བགོ་འགྲེམས་དབང་ཆ་ཕྱིར་འཐེན་གྱི་ཚོད་ལྟའི་ལས་འགན་གཉིས་ལ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་བྱས་ཡོད།

དབུལ་སྐྱོར——

མང་ཚོགས་ཀྱི་ཡོང་འབབ་མང་དུ་དང་བསམ་བློ་ཡངས་སུ་སོང་བ།

2019ལོར་རང་ལྗོངས་ཀྱིས་འདེབས་འཛུགས་ལས་རིགས་དང་། གསོ་ཚགས་ལས་རིགས། ལས་སྣོན་ལས་རིགས། ཚོང་དོན་འཁོར་རྒྱུག་ལས་རིགས་སོགས་ཐོན་ལས་ལ་གཙོ་གནད་དམིགས་ནས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་ཐོན་ལས་དབུལ་སྐྱོར་རྣམ་གྲངས་2639ལས་འགོ་ཚུགས་པ་དང་ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་367.41དོན་འཁྱོལ་བྱས་ཡོད། ལྗོངས་ཡོངས་ཀྱི་མི་ཁྲི་23.8ཀྱི་ཐོན་ལས་དབུལ་སྒྲོལ་གྱི་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཟིན་ཏེ་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་70ལྷག་ཙམ་གྱི་འབབ་འཕར་ལ་ཐད་ཀར་སྐུལ་ཁྲིད་བྱས་ཡོད།

“སྡོད་ཁང་གསར་པར་བསྡད་པ་དང་། སྒོ་རྩར་ལས་ཞུགས་ཐུབ་པ། ཟླ་རེར་གླ་ཆ་ཡོད་པ། ལོ་མཇུག་ཏུ་ད་དུང་ཁེ་སྤོགས་བགོ་བཤའ་ཡོད་པ་བཅས་ནི་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལས་བྱུང་བ་ཞིག་རེད” 2019ལོའི་ཟླ་12ཚེས་5ཉིན། གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་གྲོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་སྐལ་བཟང་ཕུན་ཚོགས་ལ་རིན་སྤུངས་རྫོང་རམ་པ་ཤང་དཀའ་དྲུད་ཞིང་འབྲོག་པའི་བོད་སྨན་དང་སྤོས་ལས་སྣོན་ཆེད་ལས་མཉམ་ལས་ཁང་གི་ཁེ་སྤོགས་སྒོར་1000བགོ་བཤའ་རག་རྗེས་ཐུགས་རྗེ་ཆེ་ཞུ་བཞིན་བརྗོད།

(པད་ཆོས་ཀྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)