《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月26日

རུམ་འཐག་ལས་ལ་གཞོལ། ཕྱུག་པོའི་ལམ་དུ་སྐྱོད།

གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་མྱང་སྟོད་ཤང་ཁ་གདན་ལས་སྣོན་གྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་བསྟན་འཛིན་འཕྲིན་ལས་ལ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་འཐུས་མི་དང་། ལོ་རབས་དགུ་བཅུའི་ནང་སྐྱེས་པ། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་གཞོན་ནུ། རྒྱལ་ཁབ་ཀྱི་གཞུང་ལས་པ་སོཌ་མི་རྣམས་ཡིད་དབང་འཕྲོག་པའི“བཀྲག་མདངས་འཚེར་ས”མང་པོ་ཡོད།

འདི་ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཐོག་བཅར་འདྲི་དང་ལེན་བྱེད་བཞིན་པའི་བསྟན་འཛིན་འཕྲིན་ལས་ཀྱིས་གསར་འགོད་པར“ངས་འབད་བརྩོན་བྱེད་པའི་དམིགས་ཡུལ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱལ་རྩེའི་ཁ་གདན་རིག་གནས་ལ་བརྟེན་པའི་ཁར། དེང་དུས་སྐྱེ་བོའི་འཚོ་བའི་སྤུས་ཚད་ཐད་ཀྱི་དགོས་མཁོ་དང་མཛེས་དཔྱད་ལྟ་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཁྲོམ་རའི་རླབས་རྒྱུན་ཆེན་པོའི་ཁྲོད་རྒྱལ་རྩེའི་ཁ་གདན་ཕྱོགས་སྒྱུར་རིམ་སྤོར་ལེགས་འགྲུབ་ཡོང་བ་བྱ་རྒྱུ་དེ་ཡིན”ཞེས་བཤད་བྱུང་།

ཁ་གདན་ནི་བོད་མི་རིགས་ཀྱི་ཁྱིམ་ཚང་ནང་མེད་དུ་མི་རུང་བ་ཞིག་རེད། དེར་སྤུས་ཀ་དག་པ་དང་། རི་མོ་མཛེས་པ། བཀྲག་མདངས་ཆེ་བ་སོགས་དམིགས་བསལ་གྱི་མི་རིགས་ཀྱི་ཉམས་འགྱུར་དང་ས་གནས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་ཡོད། (པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) 1991ལོར་སྐྱེས་པའི་བསྟན་འཛིན་འཕྲིན་ལས་ལ་སྔོན་མ་ནས་ཁ་གདན་འཐག་རྩལ་འཕེལ་རྒྱས་གཏོང་བའི་བསམ་འདུན་ཞིག་ཡོད་ཅིང་། 2014ལོར་སློབ་ཆེན་ཐོན་རྗེས་རྒྱལ་ཁབ་ཀྱི་གཞུང་ལས་པའི“ལྕགས་ཕོར”དོར་ནས་ལས་གཏོད་ཕུགས་བསམ་ཆེན་པོ་འཆང་བཞིན་ཁ་གདན་འཐག་པའི་ལས་ལ་དངོས་སུ་ཞུགས།

“འདི་ནི་སྟབས་འཁེལ་བ་ཞིག་གཏན་ནས་མིན། སྔོན་མ་ནས་སྐད་གྲགས་ཆོད་པའི་རྒྱལ་རྩེའི་ཁ་གདན་ནི་མི་རིགས་ཀྱི་དམིགས་བསལ་ཉམས་འགྱུར་མཚོན་པའི་ལག་ཤེས་བཟོ་རྩལ་ཞིག་རེད། སློབ་གྲྭ་ཆེ་མོ་འགྲིམ་རིང་ངས་ཨར་ལས་ཇུས་འགོད་སྦྱངས་པ་ཡིན། དེ་ནས་ངས་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་དང་རྒྱལ་རྩེའི་ཁ་གདན་འཐག་རྩལ་ཟུང་འབྲེལ་བྱས་ཏེ། 3Dཡི་རི་མོ་འབུར་ཐོན་གྱི་ཁ་གདན་ཞིག་བཏགས་པས་ཁྲོམ་རར་བྲིན་ཁ་ཧ་ཅང་རྒྱུག་པོ་བྱུང”ཞེས་བསྟན་འཛིན་འཕྲིན་ལས་ཀྱིས་བཤད་བྱུང་།

ཤེས་རྟོགས་བྱུང་བར་གཞིགས་ན། “པར་རིས་ལ་གཞིགས་ནས་ཁ་གདན་འཐག་པའི་ཤོག་དཔེ་བེད་སྤྱོད་ལག་རྩལ”དེས་རྒྱལ་རྩེའི་ཁ་གདན་ཐོན་རྫས་སྣེ་ཁ་རྐྱང་པའི་ཚད་བཀག་གཏོར་བ་མ་ཟད། ད་དུང་ལོ་རྒྱུས་དང་། ཆོས་ལུགས། འཛུགས་སྐྲུན་དངོས་རིགས། རི་མོ། ཡིག་གཟུགས་སོགས་དང་སྟབས་བསྟུན་ཟུང་འབྲེལ་བྱས་ཏེ། རིག་གནས་མང་པོ་གཅིག་ཏུ་འདུས་ལ་3Dཡི་རི་མོ་འབུར་ཐོན་གྱི་ཁ་གདན་ཡང་བཏགས་ཡོད། ལག་རྩལ་གསར་པ་དེ་ལས་ཁ་གདན་ལས་རིགས་འཕེལ་རྒྱས་ལ་བར་ཁམས་གསར་པ་ཞིག་བཏོད་ལ་འཛད་སྤྱོད་པའི་དགའ་བསུ་ཡང་ཐོབ་ཡོད།

དུས་མཚུངས་སུ་ལག་རྩལ་གསར་པ་དེ་ལས་མཉམ་ལས་ཁང་འཕེལ་རྒྱས་གཏོང་བར་གོ་སྐབས་བྱུང་ལ་བར་ཁམས་ཤིག་ཀྱང་བྱུང་ཡོད། མིག་སྔར་མཉམ་ལས་ཁང་གིས་མི་60ལྷག་ཙམ་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་པ་དང་འཐག་མཁན་གསུམ་ཆ་གཅིག་གི་ཡོང་འབབ་ལས་རིགས་གཅིག་པ་ལས་58%ཀྱིས་མཐོ་བ་ཡོད། མཉམ་ལས་ཁང་གིས་ཡོང་འབབ་འཕར་ཐབས་དམིགས་བསལ་ཞིག་སྤྱད་དེ། མཉམ་ལས་ཁང་ནས་གླ་ཆ་ཡོད་ལ་ཕྱི་ནས་ཡོང་འབབ་གཙང་ལེན་ཐུབ་པའང་བྱས་པ་དཔེར་ན། མཉམ་ལས་ཁང་གི་མི་40ལྷག་ཙམ་ལ་ལོ་གཅིག་ལ་ཕྱི་ནས་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང་བ་དེ་རེད། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་ཆེད། མཉམ་ལས་ཁང་གིས་ད་དུང་ཡོང་འབབ་མེད་པ་དང་འབབ་ཁུངས་མེད་པའི་དུད་ཚང་དབུལ་པོ་89ལ“ངལ་རྩོལ་ནུས་ཤུགས་མེད་པ་+ཐོན་ལས་བགོ་འགྲེམ”གྱི་རྣམ་པ་སྤྱད་ནས་ལོ་ལྟར་བགོ་འགྲེམ་སྒོར་ཁྲི་18སྤྲོད་ཀྱི་ཡོད།

“གོམ་སྟབས་རྗེས་མར། ལག་རྩལ་དང་ལས་ཞུགས་ཕྱོགས་སྒྱུར་རིམ་སྤོར་མགྱོགས་པོ་བྱེད་པ་དང་། མཉམ་ལས་ཁང་གི“ཤོག་དཔེ་བེད་སྤྱོད་ལག་རྩལ”གང་ལེགས་སྤྱོད་པ། བོད་དང་ནང་སའི་སྲོལ་རྒྱུན་གྱི་མི་རིགས་རིག་གནས་དང་དེང་རབས་རིག་གནས་སྣ་ཚོགས་ཡང་བསྐྱར་ཟུང་འབྲེལ་བཅས་བྱས་ཏེ། སྤུས་ཀ་དག་ལ་སྙིང་རྗེ་བའི་3Dཁ་གདན་དང་ངོས་སྙོམས་འགེལ་རུམ་དེ་བས་མང་བ་བཏགས་ནས་ཉེ་འཁོར་མང་ཚོགས་ཀྱི་ལས་ཞུགས་ལ་རོགས་རམ་བྱས་ནས་སྔ་ཙམ་ཕྱུག་འགྱུར་ཡོང་བར་བྱེད་ཀྱི་ཡིན”ཞེས་བསྟན་འཛིན་འཕྲིན་ལས་ཀྱིས་བཤད་བྱུང་།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)