《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月26日

དངུལ་རྩའི་ཆུ་ཐིགས་ཟེགས་མ་ཡིས། བདེ་སྐྱིད་ ལྡན་པའི་འཚོ་བ་བརླན།

བོད་དུ་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ་བཅས་གཞི་གཅིག་ཏུ་བསྡུས་ནས་རྒྱལ་ཡོངས་སུ་དབུལ་པོ་ཆག་ཚད་མང་ཤོས་དང་། དབུལ་པོའི་ཚད་གཞི་གཏིང་ཟབ་ཤོས། དབུལ་སྐྱོར་གྱི་མ་གནས་མཐོ་ཤོས། དབུལ་སྒྲོལ་བྱེད་ཁག་ཤོས་བཅས་ཀྱི་ས་ཁོངས་ཤིག་ཡིན་པས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད།

“དབུལ་རྩ་དྲུངས་ནས་འབྱིན”པར་དངུལ་རྩའི་རྒྱབ་སྐྱོར་ནི་མེད་ཐབས་མེད་ཅིང་། ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ལོ་མང་ནང་དངུལ་རྩའི་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས་དངུལ་རྩའི་ཆུ་ཐིགས་ཟེགས་མ་ཡིས་རྒྱ་ཆེའི་མི་འབོར་དབུལ་པོའི་བདེ་སྐྱིད་ལྡན་པའི་འཚོ་བ་བརླན་པར་བྱས།

2016ལོ་ཚུན་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དངུལ་རྩའི་དབུལ་སྐྱོར་དང་གནས་གཏན་འཁེལ་གྱི་དབུལ་སྐྱོར་གྱི“སྣེ་ཁྲིད་གཉིས”ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་གྱིས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་ལས་དོན་སྤེལ་གང་ཐུབ་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་འགག་སྒྲོལ་ཐུབ་པ་བྱས་པས་དངུལ་རྩའི་དབུལ་སྐྱོར་འདི་ཉིད་བོད་དུ“ཕྱོགས་དྲུག་གཞི་གཅིག”གི་དབུལ་སྐྱོར་གྱི་ལས་དོན་ཆེན་པོའི་ཁྲོད་མ་དངུལ་གཏོང་མང་ཤོས་དང་སྲིད་ཇུས་ཁྱབ་ཁྱོན་ཆེ་ཤོས་སུ་གྱུར་ཡོད།

2020ལོའི་ཟླ་2པ་བར་ལྗོངས་ཡོངས་ཀྱི་དངུལ་རྩའི་གནད་སྨིན་དབུལ་སྐྱོར་གྱི་དངུལ་བུན་ལྷག་འཕྲོ་སྒོར་དུང་ཕྱུར་1288.8(དབུལ་སྒྲོལ་ཟིན་པ་ཚུད་པ)ཡོད་པ་དེ་2016ལོའི་དུས་མཚུངས་ལས་190%འཕར་ནས་ལྗོངས་ཡོངས་ཀྱི་དངུལ་བུན་ཁག་གི་གཞི་ཁྱོན་གྱི་22%བཟུང་སྟེ་བོད་ཀྱི་2019ལོའི་GDPབསྡུར་གྲངས་ཀྱི་0.8:1ཟིན་པ་དང་དངུལ་རྩའི་ཡིད་རྟོན་དངུལ་བུན་གྱི་མ་འཇོག་གཞི་ཁྱོན་རྒྱལ་ཡོངས་ཀྱི་ཆེ་ཤོས་སུ་སླེབས་ཡོད་པ་རེད།

“གྲོང་ཚོའི་ནང་གི་བཟོ་ཁང་ཆུང་ཆུང་ནས་ད་ཆའི་གཞི་ཁྱོན་ངེས་ཅན་ལྡན་པའི་ཐོན་སྐྱེད་འཁོར་ཁང་བར་དེ་དག་ཚང་མ་དངུལ་རྩའི་སྒྲིག་གཞིས་ང་ཚོར་རྒྱབ་སྐྱོར་བྱས་པ་དང་ཁ་འབྲལ་ཐབས་མེད”ཅེས་བོད་ལྗོངས་གོང་དཀར་ཡན་རྩི་ནས་ཀྱི་བཟའ་བཅའ་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་ཁུར་བ་ཁྲེང་ཅིན་ཡན་གྱིས་གསར་འགོད་པར་བཤད། (པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) གསར་འགོད་པར་ཤེས་རྟོགས་བྱུང་བར། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གི་གྲོང་གསེབ་དར་རྒྱས་དང་གནད་སྨིན་དབུལ་སྐྱོར་གྱི་ཁེ་ལས་གལ་ཆེན་ཞིག་གི་ངོས་ནས་གོང་དཀར་ཡན་རྩི་ནས་ཀྱི་བཟའ་བཅའ་ཚན་རྩལ་ཚད་ཡོད་ཀུང་སིས་ལྷོ་ཁ་གྲོང་ཁྱེར་གྱི་དེང་རབས་ཅན་གྱི་ནས་ཀྱི་བཟའ་བཅའ་ལས་སྣོན་གླིང་འཛུགས་སྐྲུན་དང་གཉེར་སྐྱོང་རྣམ་གྲངས་ཀྱི་འགན་ཁུར་ཡོད་པ་རེད། རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཐོན་ལས་གནད་སྨིན་དབུལ་སྐྱོར་གྱི་རྣམ་གྲངས་གལ་ཆེན་ཞིག་གི་ངོས་ནས་རྣམ་གྲངས་དེས་ས་ཁྱོན་མུའུ་68ཟིན་པ་དང་བསྡོམས་མ་དངུལ་སྒོར་དུང་ཕྱུར་ཡན་བཏང་ཡོད་པ་རེད། ཀུང་སི་བཙུགས་མ་ཐག་མ་དངུལ་ཧ་ཅང་ཁ་ཐང་པོ་བྱུང་ཡོད། ཀྲུང་གོ་མི་དམངས་དངུལ་ཁང་ལྷོ་ཁ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་གནས་ཚུལ་དེ་ཤེས་རྗེས་འཕྲལ་མར་ས་གནས་དེ་གའི་སྦྲག་སྲིད་དངུལ་ཁང་ལ་རང་འགུལ་ངང་སྒོ་རྩར་ཞབས་འདེགས་ཞུ་རྒྱུའི་མཛུབ་ཁྲིད་བྱས་ཏེ་དུས་ཐུང་ཟླ་1ནང་ཀུང་སི་དེར་ཐོན་ལས་གནད་སྨིན་དབུལ་སྐྱོར་གྱི་དངུལ་བུན་སྒོར་ཁྲི་3500བཏང་ནས་མ་དངུལ་ཁ་ཐང་བའི་དཀའ་གནད་དུས་ཐོག་ཏུ་ཐག་གཅོད་བྱས་པ་རེད།

2020ལོའི་ཟླ་2པའི་ཟླ་མཇུག་བར་རང་ལྗོངས་ཀྱི་ཐོན་ལས་གནད་སྨིན་དབུལ་སྐྱོར་གྱི་དངུལ་བུན་ལྷག་འཕྲོ་སྒོར་དུང་ཕྱུར་131.5ཟིན་པ་དེ་2016ལོའི་དུས་མཚུངས་ལས་421%འཕར་བ་དང་རིམ་རྩིས་ལྟར་ན་ཐོན་ལས་དབུལ་སྐྱོར་གྱི་དངུལ་བུན་སྒོར་དུང་ཕྱུར་163.9བཏང་ནས་ཐོན་ལས་རྣམ་གྲངས་317(ཐེངས)ལ་རྒྱབ་སྐྱོར་བྱས་པ་དང་། རྣམ་གྲངས་ཀྱི་གནད་སྨིན་དབུལ་སྐྱོར་དངུལ་བུན་ལྷག་འཕྲོ་སྒོར་དུང་ཕྱུར་918.77ཟིན་པ་དེ་2016ལོའི་དུས་མཚུངས་ལས་397%འཕར་བ་དང་རིམ་རྩིས་ལྟར་ན་དངུལ་བུན་སྒོར་དུང་ཕྱུར་1106.77བཏང་ནས་རྣམ་གྲངས་273(ཐེངས)ལ་རྒྱབ་སྐྱོར་བྱས་ཏེ་བོད་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་རྨང་གཞི་བརྟན་དུ་བཏང་ཡོད་པ་རེད།

དེ་དང་དུས་མཚུངས་2016ལོ་ཚུན་དུ་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་རིམ་རྩིས་ལྟར་ན་དངུལ་བུན་སྒོར་དུང་ཕྱུར་172.53བཏང་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་31.93ལ་རོགས་རམ་བྱས་པ་དང་དབུལ་སྐྱོར་གྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར་75.38བཏང་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་19.12ལ་རོགས་རམ་བྱས་ཡོད། 2020ལོའི་ཟླ་2པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་བཏང་བའི་དངུལ་བུན་ལྷག་འཕྲོ་སྒོར་དུང་ཕྱུར་80.41ཟིན་པ་དེ་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་70%ལ་ཁྱབ་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་30ལྷག་ཙམ་མཐོ་བ་ཡོད་པ་རེད།

“བདེ་སྐྱིད་ཁང་གསར་ཁུལ་ཆུང་དུ་སྤོས་རྗེས་སྡོད་ཁང་གསར་པར་བསྡད་པ་མ་ཟད། ད་དུང་སྣོད་བཅུད་སྤྱི་གླིང་དུ་ལས་ཀ་རག་སྟེ་ཁ་ལག་སྟེར་བ་ཕུད་ཟླ་རེར་གླ་ཆ་སྒོར་2000འདུག ངའི་བཟའ་ཟླ་ཞབས་ཞུ་བ་ཡིན་པས་ཟླ་རེར་གླ་ཆ་སྒོར་3000ཡོད་སྟབས་འཚོ་བ་དེ་སྔ་ལས་ཧ་ཅང་གིས་ལེགས་པ་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ནས་ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་བདེ་སྐྱིད་ཁང་གསར་ཁུལ་ཆུང་དུ་གནས་སྤོས་པའི་དབང་ཕྱུག་གིས་བཤད།

2016ལོའི་ཟླ་4པར་བོད་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར་152.38ཚང་མ་གཤམ་དུ་སྤྲད་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་སྤྱིའི་མ་དངུལ་ལ་མ་དངུལ་90%ཡན་བཏང་བ་དང་སྦྲགས་མ་དངུལ་ཐེངས་གཅིག་ལ་དམིགས་སར་འབྱོར་ཐུབ་པ་བྱུང་སྟེ་ལྗོངས་ཡོངས་ཀྱི་བཀོད་སྒྲིག་བྱ་ཡུལ་900ལྷག་ཙམ་དུས་ཐོག་ཏུ་ལས་འགོ་བཙུགས་ནས་ལས་མཇུག་འགྲིལ་ཐུབ་པ་དང་ཞིབ་བཤེར་རྩིས་ལེན་ལ་རྒྱབ་སྐྱོར་ནུས་ལྡན་བྱས་པས་མང་ཚོགས་དབུལ་པོ་ཁྲི་26.60གནས་སྤོ་ཐུབ་ཡོད།

2016ལོ་ཚུན་དུ་རང་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་དངུལ་རྩའི་དབུལ་སྐྱོར་གྱི་ཐོན་རྫས་ཞབས་འདེགས་གསར་གཏོད་ཧུར་ཐག་བྱ་ཆེད། ཞིང་ལས་དངུལ་ཁང་གིས“གནད་སྨིན་དབུལ་སྐྱོར་གྱི་དངུལ་བུན་ལག་ཁྱེར”སྤྲད་པ་དང་ཉེ་དུས་སླར་ཡང་ཐོན་ལས་དང་ས་ཁོངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས“ནས་ཀྱི་དངུལ་བུན་དང་། འབྲི་གཡག་གི་དངུལ་བུན། བོད་བྱའི་དངུལ་བུན། དབྱར་རྩ་དགུན་འབུའི་དངུལ་བུན”སོགས་ཁྱད་ལྡན་ཐོན་རྫས་གསར་གཏོད་ཁྱབ་གདལ་བཏང་བ་དང་། སྦྲག་སྲིད་དངུལ་ཁང་གིས་ཀྱང“དབུལ་སྐྱོར་གྱི་ཞིང་ཕྱུག་དངུལ་བུན”གསར་གཏོད་བྱས་པ། བཟོ་ཚོང་དངུལ་ཁང་གིས“བོད་ཀྱི་ཁྱིམ་ཚང་མགྲོན་ཁང་གི་དངུལ་བུན”ཞིབ་སྤེལ་བྱས་པ། བོད་ལྗོངས་དངུལ་ཁང་གིས“དམངས་ཕན་དངུལ་བུན”གསར་གཏོད་བྱས་པ། ཕུ་ཧྥ་དངུལ་ཁང་གིས་བོད་ཀྱི“དབུལ་སྐྱོར་དངུལ་བུན”ཐོག་མ་དེ་གཏོང་འགན་ཁུར་བ་བཅས་བྱས་པས་མི་སེར་གྱིས་དང་ལེན་བྱེད་བདེ་བ་དང་དགའ་པོ་བྱེད་པའི་དངུལ་རྩའི་དབུལ་སྐྱོར་ཐོན་རྫས་ཞབས་འདེགས་ཀྱི་མ་ལག་ཆགས་ཡོད་པ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)