《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月26日

ཐོན་ལས་འཕེལ་རྒྱས་བྱུང་ན་གཞི་ནས་གྲོང་གསེབ་དར་རྒྱས་གཏོང་ཐུབ།

འདི་ལོའི་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས། ཐོན་ལས་དང་། ཤེས་ལྡན་པ། རིག་གནས། སྣོད་བཅུད། རྩ་འཛུགས་བཅས་གཙོ་གནད་ལྔར་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཞིང་འབྲོག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས་ཞེས་བསྟན་ཡོད། དེར་བརྟེན་ཐོན་ལས་དེ་གཙོ་གནད་ལྔའི་མདུན་གྲལ་དུ་བཞག་ཡོད་པ་ལས་དེའི་གལ་འགངས་རང་བཞིན་གསལ་བཤད་གང་ལེགས་ཐུབ་པ་ནི་སྨོས་ཅི་དགོས། ཐོན་ལས་འཕེལ་རྒྱས་བྱུང་ན་གཞི་ནས་དཔལ་འབྱོར་དར་རྒྱས་ཡོང་བ་དང་། ཐོན་ལས་འཕེལ་རྒྱས་བྱུང་ན་མི་སེར་གྱི་འཚོ་བ་ཡག་ཏུ་འགྲོ་བས། ཞིང་འབྲོག་ལས་ཀྱི་ཐོན་ལས་འཕེལ་རྒྱས་བྱུང་མིན་དེ་གྲོང་གསེབ་དར་རྒྱས་ཐུབ་མིན་དང་འབྲེལ་བ་དམ་ཟབ་ཡོད། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བར་བྱ་ཐབས་མང་པོ་མཉམ་དུ་སྤྱད་དེ་ཞིང་འབྲོག་ལས་ཀྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་། ཞིང་འབྲོག་ཁུལ་ཁྱོན་ཡོངས་ནས་ཡར་རྒྱས། ཞིང་འབྲོག་ལས་ཁྱོན་ཡོངས་ནས་འཕེལ་རྒྱས་བཅས་ཡོང་བར་སྐུལ་འདེད་མགྱོགས་མྱུར་གཏོང་དགོས།

གཅིག་ནས་ཁྲོམ་ར་ཕྱོགས་སྟོན་དུ་བྱས་ནས་ཞིང་འབྲོག་ཐོན་ཟོག་མཁོ་སྤྲོད་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། འབྲུ་རིགས་ཀྱི་ཐོན་འབབ་བརྟན་པོ་ཡོང་བའི་རྨང་གཞིའི་ཐོག་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་འབྱུང་རྩ་དང་མཁོ་སྤྲོད་ཐད་ནུས་ཤུགས་བཏོན་ཏེ། ཞིང་འབྲོག་ཐོན་ཟོག་དང་ཞིང་འབྲོག་ལས་ཀྱི་ཞབས་འདེགས་ཞུ་བ་བཅས་ཕྱོགས་གཉིས་ཐད་ནས་སྤུས་ཚད་འགན་ལེན་བྱེད་དགོས། ཐོན་ཟོག་ནས་བརྗོད་ཚེ། གངས་ལྗོངས་ས་མཐོའི་སྐྱེ་ལྡན་དང་སྔོ་ལྗང་གི་ཁྱད་ཆོས་ལ་གཞིས་ཚུགས་ནས་ས་མཐོའི་ཁྱད་ཆོས་ལྡན་པ་དང་། སྤུས་དག་ཅན།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) འབྱུང་འཕྲོད་ཅན། ཁྱད་ཆོས་ཅན་བཅས་ཀྱི་ཞིང་འབྲོག་ཐོན་ཟོག་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ནས་ཞིང་འབྲོག་ལས་ཀྱི་སྤུས་དག་ཕན་འཕར་ལ་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག་ཉེ་བའི་ལོའི་རིང་རང་ལྗོངས་ཀྱིས་དྲ་ཐོག་ཚོང་དོན་གྱི་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་བར་བརྟེན་ནས“དྲ་སྦྲེལ་དང་ཞིང་ལས་ཟུང་འབྲེལ”དང་གྲངས་གཞི་ཆེན་པོ་སོགས་ཀྱི་ལག་རྩལ་བྱ་ཐབས་སྤྱད་དེ་ཐོན་ལས་དང་ཁྲོམ་རའི་དབར་གྱི་སྦྲེལ་མཐུད་འགག་གནད་བསལ་ནས་ཞིང་འབྲོག་པས་འབྲུ་འདེབས་ཕྱུགས་གསོ་ཡག་པོ་ཡོང་བར་བྱེད་དགོས།

གཉིས་ནས་ཞིང་པ་གསོ་སྦྱོང་ཡག་པོ་བྱེད་དགོས། ཞིང་འབྲོག་མང་ཚོགས་ནི་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡོང་བའི་སྟོབས་ཤུགས་གཙོ་བོ་ཞིག་ཡིན་པས། གྲོང་གསེབ་ཀྱི་ཐོན་ལས་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་བར་ཞིང་པ་གསར་པ་གསོ་སྦྱོང་བྱེད་དགོས། ཞིང་འབྲོག་མང་ཚོགས་ཀྱི་ཧུར་སེམས་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐོང་འཐེན་གང་ལེགས་བྱས་ནས་ཞིང་པ་གསོ་སྦྱོང་གི་ལས་དོན་ཡག་པོ་གཉེར་ཏེ། རིག་གནས་དང་། ལག་རྩལ། ཚོང་གཉེར། དོ་དམ་བཅས་ཤེས་པའི་ཞིང་པ་གསར་པའི་དཔུང་ཁག་ཅིག་འཛུགས་པ་དང་ཆབས་ཅིག་འཆར་འགོད་ཁྲིད་སྟོན་དང་། སྲིད་ཇུས་ཀྱི་རོགས་སྐྱོར། ཞབས་འདེགས་འགན་ལེན་བཅས་ལ་ཤུགས་སྣོན་བརྒྱབ་ནས་གཉེར་སྐྱོང་བྱེད་པོ་ཁག་གི་ཧུར་སེམས་དང་གསར་གཏོད་རང་བཞིན་སྐོང་འཐེན་དང་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་པ་རྣམས་སློབ་སྦྱོང་ཡང་ཡང་བྱེད་དུ་འཇུག་པ་དང་། དེང་རབས་ཀྱི་ཁྲོམ་རའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་བྱེད་པ། ཁོ་ཚོར་མུ་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ནས་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་དགོས།

གསུམ་ནས་ཞིང་འབྲོག་ལས་ཀྱི“ཞབས་ཞུ་བ”ཡག་པོ་ཞིག་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་བློ་གཅིག་སེམས་གཅིག་གིས་ཁྱིམ་ཚང་འབྲོག་ར་དང་། ཞིང་ལས་མཉམ་ལས་ཁང་། ཆེད་ལས་དུད་ཆེན། རྒྱ་ཆེའི་ཞིང་དུད་བཅས་ལ་ཞབས་འདེགས་ཡག་པོ་ཞུས་ནས་ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པ་གང་ཐུབ་བྱས་ནས་ས་ཞིང་ནང་བཤུག་གི་ཞབས་འདེགས་ཡག་པོ་ཞུ་བ་དང་། རང་འགུལ་ངང་ས་ཞིང་དང་འབྲེལ་བའི་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པ་དང་འབྲེལ། དུས་ཐོག་ཏུ་ལག་རྩལ་མཛུབ་ཁྲིད་བྱས་ནས་ཞིང་ལས་གཉེར་སྐྱོང་གི་བྱེད་པོ་གསར་པ་དང་རྒྱ་ཆེའི་ཞིང་དུད་ལ་ཐོན་ལས་ཀྱི་ཐོག་མཐའ་གསུམ་དུ་ཞབས་འདེགས་ཡག་པོ་ཞུས་ནས་ཐོན་སྐྱེད་དང་བྲིན་ཚོང་གི་ལས་སྟེགས་ཧུར་ཐག་བསྐྲུན་ཏེ་གཉེར་སྐྱོང་བྱེད་པོའི་ཐོན་ཟོག་བྲིན་ཚོང་དཀའ་བའི་གནད་དོན་བསལ་ནས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་ཐོན་ཟོག་གི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་དགོས།

(པ་སངས་ཚེ་རིང་གིས་བསྒྱུར། ཚེ་དབང་ལྷ་མོ་དང་པ་ཚེས་ཞུས)