《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月24日

༄༅།།འཛིན་གྲྭའི་ཀྲུའུ་རེན་གྱི་བྱང་ཚད་ལ་རང་བརྟག་བྱེད་རྒྱུའི་སྐོར་རགས་ཙམ་གླེང་བ།

སེམས་ཀྱི་འཁྱེར་སོ་ཚངས་པའི་ཐིག་བཞིན་བསྲངས། །བུ་སློབ་ཀུན་བྱམས་གཉེན་ཉེའི་བློ་རུ་བསྐྱེད། །དམ་ཚིག་མ་ཉམས་ཡར་ངོའི་ཟླ་ལྟར་བཟུང་། །རང་སྐྱོན་རང་གིས་བརྟག་པའི་བྱང་ཚད་དགོས། །ཞེས་པའི་ཚིག་གིས་སྔོན་བསུས་ཏེ། འདིར་འཛིན་གྲྭའི་ཀྲུའུ་རེན་གྱི་བྱང་ཚད་ལ་རང་བརྟག་བྱེད་པའི་སྐོར་རགས་ཙམ་གླེང་རྒྱུ་ཡིན་ལ། བྱང་ཚད་དང་སློབ་གསོ་ཞེས་པ་གསལ་པོར་མཁྱེན་དགོས་པའི་སྔོན་འགྲོའི་འོག གཞི་ནས་རང་བརྟག་གི་གནས་ལུགས་རེ་རེ་བཞིན་གླེང་རྒྱུ་དེ་ནི་གལ་ཆེ་བར་བསམས།

བྱང་ཚད་ཅེས་པ་ནི་སྐྱེ་བོ་ཞིག་ལ་ཐོག་མ་ཉིད་ནས་རང་ལུས་ལ་འཇགས་པའི་བསམ་པའི་འཁྱེར་སོ་དང་གོམས་གཤིས། རིག་གནས་སྒྱུ་རྩལ་ལ་སོགས་ཆེས་རྩ་བར་བྱས་པའི་རྨང་གཞིའི་ཐོག་ཕྱི་ནང་རྐྱེན་གང་རུང་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་ལུས་སེམས་དང་རིག་གནས་ལ་སོགས་པའི་ཤེས་ཡོན་གྱི་རྟོགས་པ་བློ་ངོར་འཆར་བའི་བྱང་གོམས་ཀྱི་ཚད་གཞི་དེ་ལ་བརྗོད་པ་ཡིན། སློབ་གསོ་ཞེས་པ་ནི་མི་སྣ་གསོ་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་བྱ་འགུལ་ཞིག་ཡིན་ཏེ། སློབ་ཞེས་པ་ནི་ཡོན་ཏན་གྱི་ཆ་གང་རུང་ཞིག་གཞན་ལ་སློབ་པའམ་འཁྲིད་པར་ཟེར་བ་དང་། གསོ་ནི་ཤེས་ལྡན་མི་སྣ་གསོ་ཞིང་སྐྱོང་བར་བྱེད་པར་གོ་བ་ཡིན།

སློབ་གྲྭ་ཞིག་ཡིན་ཕྱིན་དེར་སྤྱིའི་འགན་འཁྲི་འཁུར་མཁན་གྱི་སློབ་སྤྱི་ཞིག་ཡོད་པ་དང་། སློབ་སྤྱི་དེར་གཞོགས་འདེགས་བྱས་ནས་ནམ་རྒྱུན་འཛིན་གྲྭའི་ལས་དོན་གང་རུང་ཞིག་ལ་དོ་དམ་དང་འགན་འཁུར་རོགས་བྱེད་མཁན་ཞིག་ཡོད་པ་དེ་ལ་འཛིན་གྲྭའི་ཀྲུའུ་རེན་ཞེས་བརྗོད་ཀྱི་ཡོད། སྒོ་གསུམ་རྣམ་པར་དགེ་བའི་ལས་ལ་སྦྱོར་མཁས་ཤིང་རྣམ་པར་དགེ་བའི་འཕྲིན་ལས་སྤེལ་བར་རང་ཉིད་ལ་ཡོན་ཏན་གྱི་ཆ་གཞན་ལས་ཁྱད་དུ་འཕགས་པའི་མཚན་ཉིད་ཡོངས་སུ་ཚང་ཞིང་། དེར་ལྟ་སྐུལ་དང་ལམ་སྟོན། གཞན་ལ་གདེང་འཇོག་བྱེད་པ་སོགས་ཀྱི་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཁར། ཕྱག་ལས་འདི་དག་གནང་བར་ལས་རིགས་གཞན་དང་མི་འདྲ་བའི་ཐུན་མིན་གྱི་བྱང་ཚད་ཅིག་ཡོད་དགོས་པ་དང་དེར་རང་བརྟག་བྱས་ཚེ། གཞི་ནས་མིང་དོན་མཚུངས་པའི་འཛིན་གྲྭའི་ཀྲུའུ་རེན་ཞིག་ཏུ་འགྱུར་ངེས་ཡིན་པས་གཤམ་ལ་འཛིན་གྲྭའི་ཀྲུའུ་རེན་གྱི་བྱང་ཚད་ལ་རང་བརྟག་བྱེད་རྒྱུའི་སྐོར་རགས་ཙམ་གླེང་རྒྱུ་ཡིན།

དང་པོ། ཀུན་སྤྱོད་ཀྱི་བྱང་ཚད་ལ་རང་བརྟག་བྱེད་དགོས།

དེའང་ཀུན་སྤྱོད་ཅེས་པ་ནི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གླེང་དགོས་པ་ཞིག་ཡིན་ལ། ལུས་ཀྱི་བཟའ་ལུགས་དང་འདུག་ལུགས། འགྲོ་ལུགས་བཅས་དང་། ངག་གི་སྨྲ་བརྗོད། ཡིད་ཀྱི་ཀུན་སློང་བཅས་ཀྱི་ནང་དོན་ཚུད་པའི་སྤྱོད་ཚུལ་སྣ་ཚོགས་ལ་ཟེར་ཞིང་། འཛིན་གྲྭའི་ཀྲུའུ་རེན་ཞིག་ལ་ངེས་པར་དུ་ཚང་དགོས་པའི་སྔོན་འགྲོའི་ཆ་རྐྱེན་ཡང་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དེ་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་གུང་ཁྲན་རིང་ལུགས་ལ་དད་མོས་དང་། རྩོད་སྒྲུབ་དངོས་གཙོའི་རིང་ལུགས་དང་ལོ་རྒྱུས་དངོས་གཙོའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ལ་བསམ་བློ་གཏོང་བ། གུང་ཁྲན་རིང་ལུགས་ཀྱི་མི་ཚེའི་ལྟ་བ་དང་། འཇིག་རྟེན་ལྟ་བ། རིན་ཐང་ལྟ་བ་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གྲྭའི་འཛིན་གྲྭའི་ཀྲུའུ་རེན་ཡག་པོ་ཞིག་བྱེད་དགོས་པའི་གཙོ་ཐིག་བཟུང་སྟེ། འཛིན་གྲྭའི་ཀྲུའུ་རེན་ཞིག་ཡིན་ཕྱིན་དེར་སློབ་གསོའི་ལས་རིགས་ལ་དགའ་པོ་བྱེད་མིན་དང་འགན་འཁྲི་འཁུར་ཕོད་མིན། དེ་བཞིན་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ཏེ་དངོས་གནས་དྲང་གནས་དང་བདེན་པ་བདེན་ཐུབ་སྒོས་འཛིན་གྲྭའི་དོན་དག་རེ་རེ་དང་སློབ་མ་མི་རེ་ངོ་རེ་ཚང་མར་སྤྱོད་ཚུལ་གྱི་འཛིན་སྟངས་ཡང་དག་བཟུང་མིན། སློབ་གསོའི་རིགས་པའི་གཞུང་ལུགས་དང་ལས་སྒོ་སྤྱི་བྱེ་བྲག་ལ་ཁེངས་སྐྱུང་གིས་སྦྱངས་པ་མཐར་སོན་བྱེད་མིན། རང་གཅུན་ནན་པོ་དང་རང་དཔེ་གཞན་སྟོན་ཐུབ་མིན། དེ་བས་སློབ་གྲྭ་དང་འཛིན་གྲྭའི་ཕྱོགས་གང་ཅིར་དོ་ཁུར་བྱེད་མིན་དང་། སློབ་མའི་བར་གྱི་འབྲེལ་བ་ཐག་གཅོད་གང་ལེགས་དང་འཛིན་གྲྭའི་སློབ་ཁྲིད་དགེ་རྒན་རེ་རེ་བའི་དབར་མཐུན་སྦྱོར་གཞོགས་འདེགས་ཐུབ་མིན་བཅས་ལ་རང་བརྟག་ཡག་པོ་བྱེད་དགོས།

གཉིས། ཤེས་བྱ་ཡོན་ཏན་གྱི་བྱང་ཚད་ལ་རང་བརྟག་བྱེད་དགོས།

དུས་རབས་ཉེར་གཅིག་པའི་ཆུ་རྒྱུན་རིང་མོར་ཆ་འཕྲིན་གྱི་ཚ་རླབས་ལང་ལོང་དུ་འཕྱུར་བའི་རྒྱབ་ལྗོངས་འོག སློབ་མའི་ཤེས་ཚོར་དང་དྲན་པ། བསམ་གཞིག་བཅས་པ་ཚང་མ་རྒྱུན་ཆད་མེད་པར་གོང་མཐོར་འགྲོ་བའི་ཁར། སྲོལ་རྒྱུན་རྒྱུད་འཛིན་ལ་བློ་སྐྱེད་དང་སྙིགས་དོར་བཅུད་ལེན་ལ་བྱང་བ་མ་ཟད། རིག་པ་ཀུན་གྲོལ་གྱི་དུས་རབས་ཀྱི་གོམ་བགྲོད་རྗེས་སུ་སྙེག་ལ་སྤྲོ་བའི་སློབ་མ་དག་དང་འབྲེལ་གཏུགས་དམ་ཟབ་བྱེད་མཁན་གྱི་ཐོག་མ་དང་མང་ཤོས་ནི་འཛིན་གྲྭའི་ཀྲུའུ་རེན་ཡིན་པ་སྨྲོས་མི་དགོས་ལ། ཁོ་ཚོའི་དོགས་གཞི་སེལ་རྒྱུ་དང་གང་འདྲིས་གཏམ་ལ་ལན་འདེབས་རྒྱུ་ནི་དེ་བས་ཀྱང་ཞུ་དགོས་མེད། དེས་ན་འཛིན་གྲྭའི་ཀྲུའུ་རེན་ལ་སྤྱི་ཚོགས་དང་རང་བྱུང་ཚན་རིག་གི་རྨང་གཞི་བརྟན་ཞིང་ཟབ་ལ་རིག་གནས་དང་སྒྱུ་རྩལ་གྱི་བྱང་ཚད་ཧ་ཅང་རྒྱ་ཆེ་ལ་མཐོ་པོ་ཞིག་ཡོད་མེད་དང་། འཛིན་གྲྭའི་ཀྲུའུ་རེན་ཡིན་ཕྱིན་རང་གིས་འཁྲིད་བྱའི་རིག་ཚན་ལ་བྱང་ཆུབ་པ་མ་ཟད། བསླབ་བྱའི་ཡུལ་ལས་ཁྱད་དུ་འཕགས་པ་ཡོད་མེད་སོགས་ལའང་རང་བརྟག་བྱེད་དགོས། ཇི་སྐད་དུ། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་ཞལ་སྔ་ནས། །མཁས་གང་ཤེས་བྱའི་དེ་ཁོ་ན། །ཇི་བཞིན་རྟོགས་པ་ཡིན་པར་འདོད། །བྱེ་བྲག་སྦྱངས་པའི་དོན་ཤེས་པ། །དེ་ཡང་དེ་ལ་མཁས་ཞེས་བྱ་ཞེས་གསུངས་པ་བཞིན། འཛིན་གྲྭའི་ཀྲུའུ་རེན་ལ་མཚོན་ན་རང་གི་ཆེད་ལས་ཤེས་བྱར་བྱང་ཆུབ་པ་ཞིག་དགོས་ལ། རིག་ཚན་གཞན་ལའང་བྱང་གོམས་བྱུང་ན་གཡང་རྩེའི་སྟེང་ལ་ཡས་སྒྲོན་གྱི་དཔེར་འགྱུར་སྲིད་ལ། གཞན་ཕན་གྱི་བློ་ཁོ་ན་སྐྱེད་པ་ལས་ཡིན་མིན་ལེགས་ཉེས་རྣམ་འབྱེད་ཀྱི་ཤེས་རབ་ཅིག་མེད་ན་མི་འགྲིག

གསུམ། གཟུགས་པོའི་བྱང་ཚད་ལ་རང་བརྟག་བྱེད་དགོས།

འཛིན་གྲྭའི་ཀྲུའུ་རེན་ཞིག་ལ་གཞན་ཕན་གྱི་བློ་བསྐྱེད་བཟང་པོ་ལྡན་ཁར། ཤེས་བྱ་ཡོན་ཏན་གྱི་གནས་མཐའ་དག་ལ་བྱང་ཞིང་ཆུབ་པ་མ་ཟད། ཐེ་ཚོམ་གྱི་དྲ་བ་གཅོད་པའི་ཤེས་རབ་ཀྱི་མིག་ལྟ་བུ་ལྡན་མོད། འོན་ཀྱང་དོན་ལྔ་སྣོད་དྲུག་ནད་ཀྱིས་བཏུམས་ཚེ། མཁས་ཤིང་བྱང་ལ་མཆོག་ཏུ་གྱུར་བ་དེ་དག་ཚང་མ་བརྒྱུད་སྤྲོད་བྱ་ཐབས་བྲལ་བ་རེད།

འཛིན་གྲྭའི་ཀྲུའུ་རེན་གྱི་སློབ་གསོའི་ལས་ཀ་ནི་དུས་ཡུན་རིང་པོར་འབད་བརྩོན་ལྷོད་མེད་ཀྱིས་སྒྲུབ་པའི་བསམ་པའི་ངལ་རྩོལ་ཙམ་མ་ཡིན་པར། རྒྱུན་སྲིང་སྙུགས་ཤེད་དང་བདེ་རྩལ་འཁྱུག་པ། བཀོད་སྒྲིག་མྱུར་བ། ལུས་སྟོབས་རྒྱས་པ། རིག་པ་དྭངས་གསལ། སྐད་གདངས་གསལ་བ་སོགས་ཤུགས་ཚད་ཆེས་ཆེར་བཏོན་ནས་སྒྲུབ་དགོས་པའི་ལུས་པོའི་ངལ་རྩོལ་ཡང་ཡོད། བདེ་ཐང་གི་གཟུགས་གཞི་མེད་ན་ལས་དོན་དེ་སྒྲུབ་ཁག་པོ་རེད། འཛིན་གྲྭའི་ཀྲུའུ་རེན་ནས་རྒྱུན་པར་འཚོ་བའི་ཁྲོད་དུ་ཞོགས་པའི་ལུས་རྩལ་དང་སློབ་གསེང་ལུས་རྩལ་སྦྱོང་བརྡར་བྱས་ཏེ་སློབ་གསོའི་བྱ་གཞག་ཆེད་ལུས་ཟུངས་གང་དྲགས་མཁོ་འདོན་ཐུབ་རྒྱུར་འགན་ལེན་བྱེད་ཐུབ་མིན་དང་། དུས་ཐོག་ཏུ་ཉལ་ལངས་དང་། གཙང་སྦྲར་དོ་སྣང་། ལྟོ་ཐུན་གསུམ་དུས་ཐོག་ཏུ་ཟ་བ་བཅས་བྱེད་ཐུབ་མིན། གཟུགས་ཁམས་བདེ་ཐང་གི་གེགས་སུ་འགྲོ་བའི་ཆང་རག་དང་ཐ་མ་ཁ་སྤང་ཐུབ་མིན་དང་། ཕྱི་རྐྱེན་ལས་བྱུང་བའི་ནད་ཡམས་སྔོན་འགོག་ཐུབ་མིན་བཅས་ལ་རང་བརྟག་བྱེད་པ་དང་། གཞན་ཕན་གྱི་ཐུགས་སྐྱེད་བཟང་པོ་གནད་སྨིན་ཐུབ་ཆེད་དུ་བདེ་ཐང་གི་གཟུགས་གཞི་དགོས་ངེས་ཡིན་པ་ཐུགས་ལ་འཇོག་དགོས།

རང་བརྟག་ནི་ནང་སེམས་པའི་འཇིག་རྟེན་གྱིས་རང་ཉིད་ཀྱི་གཏམ་སྤྱོད་ལ་སྤེལ་བའི་རང་ཚུགས་ཀུན་སྤྱོད་ཀྱི་གདེང་འཇོག་དང་བརྡར་ཤ་གཅོད་པ་ཞིག་ཡིན། མདོར་ན་ད་བར་ལས་ཀ་འདི་བྱས་པའི་ཉམས་མྱོང་དག་ཕྱོགས་གཅིག་ཏུ་བསྡེབས་ནས་གླེང་ཁུལ་བྱས་པ་འདིར་ད་དུང་སྐྱོན་དང་ནོར་འཁྲུལ་གྱི་ཆ་ཇི་སྙེད་ཅིག་ཡོད་ངེས་པས། མཁྱེན་རྒྱ་ཡངས་པའི་རྒྱ་ཆེའི་ལས་རོགས་པ་རྣམས་དང་དཔྱོད་ལྡན་གྱི་ཀློག་པ་པོ་རྣམས་ཀྱིས་ཐུགས་བརྩེ་བས་མ་བོར་བར་བཀའ་སློབ་དང་དགོངས་འཆར་ལྷུག་སྩོལ་ཡོད་པ་ཅི་ནས་ཀྱང་མཁྱེན།

(སྙེ་མོ་རྫོང་སློབ་འབྲིང་གི་པད་མ་ཀུན་བཟང)