《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月24日

སློབ་གསོའི་དབུལ་སྐྱོར་ལམ་བུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་གཏོང་དགོས།

ལས་རིགས་སློབ་གསོ་ནི་དམངས་འཚོའི་འདུ་འགོད་དང་། དམངས་སེམས་འདུ་འགོད། ཕན་སྦྱར་འདུ་འགོད་བཅས་རེད་ལ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མངོན་འགྱུར་བྱེད་པ་དང་བུ་རབས་ཚ་རྒྱུད་དབུལ་པོ་ཆགས་རྒྱུ་འགོག་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད། སྨྱུག་འཛིན་པར་ངོས་འཛིན་བྱུང་བར། ལས་རིགས་ལག་རྩལ་སློབ་གྲྭས་སྲིད་གཞུང་གི་སྤྱི་འདོམས་འཆར་འགོད་མཐའ་འཁྱོངས་ཀྱིས་ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ཁྲོམ་རའི་དགོས་མཁོ་ཕྱོགས་སྟོན་དུ་བཟུང་ནས་ཕྱི་རོལ་གྱི་སྟོབས་ཤུགས་ལ་བརྟེན་པ་དང་། ནང་ངོས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཞན་ཆ་སེལ་བ། འཇུར་མིག་སེལ་བ་བཅས་བྱས་ནས་སློབ་གསོའི་གནད་སྨིན་དབུལ་སྐྱོར་གྱི་ལམ་བུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཇེ་ཡངས་སུ་གཏོང་དགོས།

གནད་སྨིན་དབུལ་སྐྱོར་ལས་དོན་གྱི་དམིགས་ཚད་དང་འབྲེལ་མཐུད་དམ་ཟབ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་ཀྱི་ལས་རིགས་སློབ་གསོའི“རང་བརྟེན”གྱི་ནུས་པ་འདོན་སྤེལ་གང་ལེགས་དང་། ལས་རིགས་གསོ་སྦྱོང་གི་ཐོན་ཁུངས་སྤྱི་འདོམས་བསྡུ་སྒྲིལ། ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་དབུལ་སྒྲོལ་གྱི་ཕན་འབྲས་བརྟན་དུ་གཏོང་ཆེད། ལག་རྩལ་དང་རྩལ་ནུས་ཀྱི་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས། དེང་རབས་ལས་རིགས་སློབ་གསོའི་མ་ལག་མགྱོགས་པོ་བསྐྲུན་ནས་གནད་སྨིན་དབུལ་སྐྱོར་གྱི་ལག་རྩལ་དང་རྩལ་ནུས་གསོ་སྦྱོང་གི་རྨང་གཞི་བརྟན་དུ་གཏོང་བ་དང་། ལས་རིགས་གསོ་སྦྱོང་གི་ལས་དོན་སྣ་ཚོགས་སྤྱི་འདོམས་ངང་སྤེལ་ཏེ་ལམ་ལུགས་ལ་བརྟེན་ནས་ལས་རིགས་སློབ་གསོས་གནད་སྨིན་དབུལ་སྐྱོར་ལས་དོན་ལ་རམ་འདེགས་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

“མངགས་ཐོ་རྣམ་པའི”གསོ་སྦྱོང་བྱེད་ཐབས་ལ་བརྟེན་ནས“སློབ་གྲྭ་དང་ཁེ་ལས་མཉམ་ལས”གཏིང་ཟབ་བྱེད་དགོས། སློབ་མ་རང་ཉིད་ཀྱི་ཁྱད་ཆོས་དང་མིག་སྔའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་ཟུང་འབྲེལ་གྱིས་སློབ་མར་འབྲེལ་ཡོད་རིག་ཚན་འོས་སྦྱོར་བྱེད་པ་དང་། ཁྲོམ་རའི་དགོས་མཁོ་དེ་སྒྱུར་བཅོས་བྱ་ཡུལ་གཙོ་བོ་དང་། སློབ་མ་འཕེལ་རྒྱས་གཏོང་རྒྱུ་རྨང་གཞི། ལས་ཞུགས་ཁྲིད་སྟོན་དུ་འཛིན་པ་བཅས་བྱས་ཏེ་ཁེ་ལས་ཀྱི་མི་སྤྱོད་དགོས་མཁོར་གཞིགས་ནས“མངགས་ཐོ་རྣམ་པའི”གསོ་སྦྱོང་དེ་བྱེད་ཐབས་གཙོ་བོར་བྱེད་པ་དང་། ས་ཁུལ་དབུལ་པོའི་ཐོན་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་གཞན་སྒྱུར་གྱི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས།

ལས་རིགས་སློབ་གྲྭའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སློབ་གསོའི་དབུལ་སྐྱོར་དང་ལས་རིགས་གསོ་སྦྱོང་གི་ཐོན་ཁུངས་འབྲེལ་མཐུད་དམ་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གསོ་སྦྱོང་གི་རྣམ་གྲངས་སྤྱི་འདོམས་བཀོད་སྒྲིག་དང་། གསོ་སྦྱོང་གི་འཆར་གཞི་སྤྱི་འདོམས་ལག་བསྟར། གསོ་སྦྱོང་གི་འགྲོ་གྲོན་སྤྱི་འདོམས་བེད་སྤྱོད་བཅས་ཀྱི་རྩ་དོན་གཞིར་བཟུང་། འབྲེལ་མཐུད་ནུས་ལྡན་དང་ཐོན་ཁུངས་མཉམ་སྤྱོད་ཀྱི་ལས་རིགས་གསོ་སྦྱོང་མ་ལག་ཅིག་སྐྲུན་པ་དང་། ཞིང་འབྲོག་ཁུལ་དང་ལྷག་པར་དུ་ས་ཁུལ་དབུལ་པོའི་གཞོན་དར་ངལ་རྩོལ་མི་འབོར་ལ་དམིགས་ཏེ། ལས་ཞུགས་གཞན་སྒྱུར་གྱི་གསོ་སྦྱོང་དང་གྲོང་གསེབ་ཀྱི་བཀོལ་སྤྱོད་ལག་རྩལ་གསོ་སྦྱོང་སོགས་རྒྱ་ཁྱབ་ངང་སྤེལ་ནས་ལས་ཞུགས་གཞན་སྒྱུར་དང་། ས་གནས་དེ་གར་ལས་ཞུགས་ཐུབ་པ། ཕྱུག་འགྱུར་ཐུབ་པ་བཅས་ཀྱི་ཁོང་ཚོའི་འཇོན་ཐང་ཆེ་རུ་བཏང་ནས་གང་མགྱོགས་དབུལ་སྒྲོལ་ཐུབ་པ་བྱེད་དགོས།

(པད་ཆོས་ཀྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)