《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月24日

དབུལ་སྒྲོལ་འགག་སྒྲོལ་ལ“རིག་སྟོབས་ཀྱི་སྒུལ་ཤུགས”བསྣན་པ།

—— ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་ཐོན་སློབ་མཉམ་འདྲེས་ཟབ་ཏུ་བཏང་བ།

ལས་རིགས་སློབ་གསོ་ནི་དབུལ་སྒྲོལ་ཕྱུག་འགྱུར་གྱི་གསེར་གྱི་ལྡེ་མིག་ལྟ་བུ་རེད། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་དབུལ་སྒྲོལ་འགག་སྒྲོལ་ཁྲོད་གོང་འོག་སེམས་མཐུན་དང་ཀུན་སེམས་གཅིག་སྒྲིལ་གྱིས་ལས་རིགས་སློབ་གསོའི་འཕེལ་རྒྱས་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་གཙོ་གནད་ཀྱི་གྲས་ཤིག་ཏུ་བརྩིས་ནས། སློབ་གསོ་སྔོན་ལ་སྤེལ་བའི“གདོང་དམག”དང་དབུལ་སྒྲོལ་ཕྱུག་འགྱུར་གྱི“ཐད་གཏོང་རླངས་འཁོར”ཧུར་ཐག་བཏོད་ནས། སློབ་གསོའི་དབུལ་སྒྲོལ་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་རེད།

སློབ་གསོ་སྒྱུར་བཅོས་ལ་ཤུགས་སྣོན་བརྒྱབ་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།

སློབ་གྲྭ་བཙུགས་ཚུན། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས་ཕྱོགས་མང་པོའི་ལེགས་ཆ་གཅིག་སྡུད་ཀྱིས་སློབ་གཉེར་ཐོན་ཁུངས་བསྡུ་སྒྲིལ་དང་། ཐོན་སློབ་མཉམ་འདྲེས་ཟབ་ཏུ་གཏོང་བ། སློབ་གཉེར་གྱི་ཁྱད་ཆོས་མངོན་གསལ་དོད་དུ་གཏོང་བ། ས་ཁུལ་དབུལ་པོའི་ཕྲུ་གུར་སློབ་ཞུགས་ལས་ཞུགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་སློབ་གསོར་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་བྱེད་པའི་འཐབ་ས་དང་པོར་ལག་རྩལ་ཁྱབ་གདལ་དང་། དབུལ་སྐྱོར་གསར་སྤེལ། ཤེས་ལྡན་པ་གསོ་སྐྱོང་སོགས་ཕྱོགས་མང་པོའི་ལས་རིགས་སློབ་གསོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཐོན་ལས་གཞན་སྒྱུར་དང་ཐོན་ལས་ཀྱི་མི་ཤུགས་ཐོན་ཁུངས་རྒྱུན་ཆད་མེད་པར་མཁོ་འདོན་བྱས་ནས། ས་ཁུལ་དབུལ་པོ་སྔ་ཙམ་དབུལ་སྒྲོལ་དང་དབུལ་ཞྭ་འབུད་རྒྱུར་སྐུལ་འདེད་བཏང་བ་རེད།

དོ་དམ་བྱེད་སྟངས་ཟམ་མི་ཆད་པར་གསར་གཏོད་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་སྒྱུར་བཅོས་མགྱོགས་སུ་གཏོང་བ། སློབ་ཁྲིད་བརྒྱུད་རིམ་དང་ཐོན་སྐྱེད་བརྒྱུད་རིམ་སྦྲེལ་མཐུད། “ལག་ཁྱེར་གཉིས”ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ལོ་ལྟར“ལག་ཁྱེར་གཉིས”ལྡན་པའི་སློབ་ཐོན་སློབ་མའི་བསྡུར་ཚད་65%ཙམ་ཟིན་པར་བྱས་ཡོད། སློབ་ཚན་སྒྱུར་བཅོས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། རིགས་པའི་གཞུང་ལུགས་དང་ལན་ལེན་དངོས་གཞི་གཅིག་ཅན་གྱི་སློབ་ཁྲིད་ལ་སྐུལ་འདེད་གཏོང་བ། སློབ་ཁང་གི་སློབ་ཁྲིད་དང་དངོས་སྦྱོང་སློབ་ཁྲིད་སྦྲེལ་མཐུད་ནུས་ལྡན་བཅས་བྱས་ནས། སློབ་མ་ཐེངས་མང་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་དང་གྲོང་ཁྱེར་གྱིས་སྒྲིག་འཛུགས་བྱས་པའི་ལས་རིགས་རྩལ་ནུས་འགྲན་བསྡུར་ཆེ་མོར་ཞུགས་པར་གྲོང་ཁྱེར་རིམ་པ་ཡན་གྱི་བྱ་དགའ་མང་པོ་ཐོབ་པ་རེད། སློབ་གྲྭར“ལག་རྩལ་སྦྱོང་བ་དང་། ལག་རྩལ་སྤྱོད་པ། ལག་རྩལ་བསྡུར་བ”བཅས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་བཏོད་དེ་དྲང་གཞག་དང་། སྤུས་ལེགས། གསར་གཏོད། སྒོ་དབྱེ་བཅས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་ཤིག་ཆགས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྲ་ཞིང་བརྟན་པའི་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱས་ཡོད།

སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱས་ནས་ཁྱད་ལྡན་ཆེད་ལས་ཚོགས་པ་བཙུཌ་པ།

ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས“མི་དམངས་བློ་ཡིད་ཚིམ་པའི་ལས་རིགས་སློབ་གསོ་གཉེར་རྒྱུའི”དམིགས་ཡུལ་མཐའ་འཁྱོངས་བྱས་ཏེ། “སློབ་གྲྭ་དང་ཁེ་ལས་མཉམ་ལས་དང་། བཟོ་སློབ་ཟུང་འབྲེལ། ལས་གནས་ཀྱི་ཚབ་ཏུ་དངོས་སྦྱོང”བཅས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱས་ནས“སྟོབས་ཆེར་གཏོང་བ་དང་། དམིགས་བསལ་ལྡན་པ། སྤྱོད་གོ་ཆོད་པ”བཅས་ཀྱི་ས་མཐོའི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལས་རིགས་སློབ་གསོ་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་ཡོད།

ཐོན་སློབ་ཟུང་འབྲེལ་དང་སློབ་གྲྭ་དང་ཁེ་ལས་གཞི་གཅིག་ཅན་གྱི་སློབ་གཉེར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། ཆེད་ལས་དང་ཐོན་ལས། ཁེ་ལས། ལས་གནས་བཅས་འབྲེལ་མཐུད་བྱས་ཤིང་། སློབ་གྲྭ་དང་ཁེ་ལས་ཀྱིས་སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། གཞི་གཅིག་ཅན་གྱི་ལག་ལེན་སློབ་གཉེར་ཧུར་ཐག་བྱས་ཏེ། སློབ་མའི་དངོས་སྦྱོང་སྤུས་ཚད་ལེགས་སུ་བཏང་ཡོད། མིག་སྔར་སློབ་གྲྭ་དེ་དང་མཉམ་ལས་བྱས་པའི་ཁེ་ལས་དང་བྱ་གཞག་ཚན་པ་180ལྷག་ཙམ་དང་མཉམ་ལས་བརྟན་པོ་བྱེད་མཁན་ཁེ་ལས་50ཙམ་གྱིས་ཁྱོན་མི་ཐེངས་ཁྲི་1ལྷག་ཙམ་ཚན་པ་ཁག་ཏུ་དངོས་སྦྱོང་ལ་བཏང་བ་རེད། མིག་སྔར་སློབ་གྲྭ་དེས་ཁྱོན་ཆེད་ལས་34བཙུགས་པའི་ནང་ཁྱད་ལྡན་ཆེད་ལས་5དང་རྒྱལ་ཁབ་རིམ་པའི་རྩེར་སོན་ཆེད་ལས་3ཡོད་པ་དེས་བོད་ཀྱི་ཐོན་ལས་གཉིས་པ་དང་གསུམ་པའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།

གནད་སྨིན་མཛུབ་ཁྲིད་བྱས་ནས་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་བྱས་པ།

སློབ་གྲྭས་ཐོག་མཐའ་བར་གསུམ་དུ“འབེན་ཕྱོགས”ཇུས་འདོན་མཐའ་འཁྱོངས་དང་། “འགན་ལེན་གསུམ”གྱི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཏེ། དངོས་སྦྱོང་ལས་སྟེགས་གཏོད་ཤུགས་ཇེ་ཆེར་བཏང་བ་རེད། མིག་སྔར་སློབ་གྲྭས་ཤིང་བཟོ་ཤིང་བརྐོས་དང་། བོད་སྨན། ཐང་ག ཨར་ཁང་གི་ཞབས་ཞུ། འཚེམ་བཟོ་སོགས་དེང་རབས་ཅན་གྱི་དངོས་སྦྱོང་འཁོར་ཁང་8དང་དེང་རབས་ཅན་གྱི་དངོས་སྦྱོང་ཁང་15བཙུགས་ཡོད། འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་ལྟ་སྦྱོང་སྲིད་ཇུས་སློབ་སྦྱོང་ནན་ཏན་བྱེད་པ་དང་། སྲིད་ཇུས་ཀྱི་ཞིབ་ཕྲའི་གནས་ཚུལ་ཁོང་དུ་ཆུད་པ། འདྲེན་རྟེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་སྟེགས་བཏོད་ཡོད། 2016ལོ་ནས་2019ལོ་བར་སློབ་གྲྭ་དེའི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་སྤྱིར་ན་100%རྒྱུན་འཁྱོངས་ཐུབ་ཡོད།

སློབ་གྲྭ་དེས་རིམ་པ་མང་བ་དང་རྣམ་པ་མང་བའི་སློབ་གཉེར་མཐའ་འཁྱོངས་བྱས་ཏེ། སྤྱོད་གོ་ཆེ་བ་དང་བློས་འགེལ་ཆོག་པའི་ཤེས་ལྡན་པ་གསོ་སྐྱོང་གཙོ་བོར་བྱེད་པ་དང་། ནང་སའི་སློབ་གླིང་མང་པོ་དང“1+1+1”རྣམ་པའི་མཉམ་ལས་སློབ་གཉེར་དང་། བོད་ལྗོངས་སློབ་ཆེན་དང་མཉམ་དུ་ཞབས་བྲོ་དང་རོལ་ཆའི“5+2”རྣམ་པའི་ཁ་གཏད་མཐོ་རིམ་ལས་རིགས་ཆེད་ལས་སློབ་ཆེན་གྱི་འཛིན་གྲྭ་གཉེར་ནས་ལྗོངས་ཕྱི་ནང་གི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་གང་ལེགས་བྱས་པ་རེད། སློབ་གྲྭས་མཉམ་ལས་སློབ་གཉེར་བྱས་ཚུན་ཁྱོན་སློབ་མ་5000ལྷག་ཙམ་མཐོ་སློབ་ཁག་ཏུ་ཟབ་སྦྱོང་ལ་བཏང་བ་རེད།

(བསོད་བདེ་དང་ཚེ་ཁོས་སྒྱུར་ཞུས་བྱས)