《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月21日

དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས།

—— དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་རིམ་སྤེལ་དཔྱད་གཏམ་དང་པོ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་དཀའ་ངལ་ཆེན་པོ་ཡོད་པ་མ་ཟད། མཇུག་བསྡུའི་ལོར་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ཡོད། ལས་དོན་གྱི་ལས་འགན་ཁག་དེ་བས་ལྕི་བ་དང་བླང་བྱ་དེ་བས་མཐོ་བས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། ཡིད་ཆེས་བརྟན་པོ། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས་ཞེས་ནན་བཤད་གནང་བ་རེད། འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཇུག་བསྡུའི་ལོ་ཡིན་ལ་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་རྩིས་ལེན་དང་རྩིས་སྤྲོད་ཀྱི་ལོ་ཡང་ཡིན་པས་ང་ཚོས་བསམ་བློའི་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བའི“གཅུས་སྒོ་ཨ་མ”དམ་དུ་བཏང་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། རང་རེའི་ཏང་གིས་དམངས་ཆེད་སྲིད་སྐྱོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་བཅས་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ནས། ངེས་པར་དུ་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་། ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས། དངོས་ཡོད་ཀྱི་དགོས་གཏུགས་བསམ་པ་བཅས་སྔར་བས་ཆེ་རུ་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགྱུར་མེད་ཀྱི་དམིགས་ཚད་དང་མཐའ་ཚད་ཀྱི་དམིགས་ཚད་ཡིན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལས་འགན་གྱི་དཀའ་ཚེགས་ཆེ་ཤོས་ནི་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་དེ་ཡིན་པ་དང་དེ་ནི་ཞན་ཆ་ཆེ་ཤོས་ཤིག་ཡིན་ལ་མཚོན་རྟགས་རང་བཞིན་གྱི་དམིགས་ཚད་ཅིག་ཀྱང་ཡིན། གྲོང་གསེབ་དང་། ལྷག་པར་དུ་དབུལ་ཕོངས་ས་ཁུལ་དུ་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་མ་བྱུང་ན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་ཟེར་བ་ཡང་མེད། མཐའ་ཚད་ཀྱི་ལས་འགན་འདི་དངོས་དངོས་རྗེན་རྗེན་གྱིས་སྒྲུབ་པ་ལས་ཕྱིར་བཤོལ་བྱེད་ས་གང་ཡང་མེད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ང་ཚོར་དཀྲིས་པའི་གཟི་བརྗིད་ཆེ་ལ་དཀའ་ཚེགས་ཆེ་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་རྩའི་གོམ་སྟབས་ཤིག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་སྐབས་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་བཅས་ཡིན་པ་ང་ཚོས་ངོས་འཛིན་གཏིང་ཟབ་བྱེད་དགོས། “འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་ཀྱི་མཐོ་ཚད་ཐོག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དཀའ་ཚེགས་ཆེ་བའི་ལས་འགན་དང་དོན་སྙིང་གལ་ཆེན་ལ་བསམ་གཞིག་བྱེད་པ་དང་། དོན་ཆེན་ཨང་དང་པོ་ཡིན་པའི་དབུལ་སྒྲོལ་འགག་སྒྲོལ་ལ་དམ་འཛིན་ལྷོད་མེད་བྱེད་པ། མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ་དང་གནད་སྨིན་ཐབས་ཇུས་མཐའ་འཁྱོངས་བྱེད་པ།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) བློ་རྩེ་གཅིག་སྒྲིམ་གྱིས་ལས་དོན་ཁག་ཡག་པོ་སྒྲུབ་པ། མི་འབོར་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱས་ཚེ་གཞི་ནས་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཐུབ་པ་དང་བོད་ཀྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞི་དེ་བས་བརྟན་པ་དང་སྤུས་ཚད་དེ་བས་ལེགས་པའི་འགན་ལེན་བྱེད་ཐུབ།

དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུ་ནི་ཏང་དང་སྲིད་གཞུང་གིས་ཁས་བླངས་པའི་བརྗིད་ཆེའི་དམ་བཅའ་ཞིག་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ནང་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་གི་འདུན་པ་དང་། ལོ་བརྒྱ་ཙམ་རིང་གི་ཀྲུང་གོ་གུང་ཁྲན་ཏང་མིའི་བློ་བརྟན་འགྱུར་མེད་ཀྱི་ཐོག་མའི་བསམ་འདུན་དང་འབད་བརྩོན་བྱེད་སེམས་འདུས་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཁས་བླངས་པའི་བརྗིད་ཆེའི་དམ་བཅའ་ཞིག་རེད། ང་ཚོས་ངེས་པར་དུ་དུས་བཀག་ལྟར་ཁས་ལེན་དམ་བཅའ་མངོན་འགྱུར་ཡོང་བ་བྱེད་དགོས་པ་ལས་ཕྱིར་བཤོལ་བྱེད་ས་ཡེ་ནས་མེད།

དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུ་ནི་མི་དམངས་མང་ཚོགས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། དབུལ་སྒྲོལ་འགག་སྒྲོལ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་མ་ཟད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་ཡང་ཐད་ཀར་འབྲེལ་བ་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་དང་ལྷག་པར་དུ་མང་ཚོགས་དབུལ་པོའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བའི་བྱ་ཐབས་གལ་ཆེན་ཞིག་དང་། རང་རེའི་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཆེས་ཐད་ཀའི་མཚོན་ཚུལ་ཞིག་ཡིན་པས་ངེས་པར་དུ་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུཌ་ས་དང་དོན་ལ་བབས་སར་བརྩི་དགོས། ངེས་པར་དུ་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ། ཆོད་སེམས་སྔར་བས་ཆེ་བ་དང་། བྱེད་ཐབས་སྔར་བས་ནུས་ལྡན། སྤྱོད་ཚུལ་སྔར་བས་ལེགས་པ་བཅས་ཀྱི་ཐོག་ནས་ལས་དོན་ཁག་ཡག་པོ་སྒྲུབ་དགོས། བྱིས་པ་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམ་ཆུང་སྐྱོང་མཁན་ཡོད་པ་བཅས་ལ་འཕེལ་རིམ་གསར་པ་རྒྱུན་ཆད་མེད་པར་ཡོང་བ་བྱས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཐུན་མོང་ཕྱུག་འགྱུར་གྱི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་དང་། རྒྱ་ཆེའི་མི་དམངས་ཀྱི་འཚོ་བ་དངོས་ཀྱི་ཁྲོད་ནས་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་གང་ལེགས་བྱུང་བ་མངོན་ཐུབ་པ་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་སྐབས་ཁྱིམ་ཚང་དབུལ་པོ་གཅིག་ཀྱང་མི་ལུས་པ་དང་མང་ཚོགས་དབུལ་པོ་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱེད་པ་དང་ཏང་གིས་བོད་དུ་སྲིད་སྐྱོང་བའི་བློས་འཁེལ་ཤོས་ཀྱི་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་དེ་བས་འགན་ལེན་དང་དེ་བས་རྒྱུན་མཐུད་ཐུབ་པ་བྱེད་དགོས།

ཀྲུང་གོས་མིའི་རིགས་དབུལ་ཕོངས་ཀྱི་གནས་ལས་སྒྲོལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་བརྩམས་ཡོད། རང་ལྗོངས་ཀྱི་སྤྱི་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཡོངས་སུ་ཐོབ་ཉེར་ཡོད་པས། “མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན”འདི་ལྟ་བུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་དང་། ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་མ་གཏོགས་མངོན་འགྱུར་བྱེད་མི་ཐུབ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་ཡིད་ཆེས་བརྟན་པོ་དང་། མཐུན་སྒྲིལ་ཡར་བརྩོན། ལས་དོན་སྒྲུབ་མཁས་པ། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགན་ལེན་བྱས་ཏེ་ལོ་རྒྱུས་དང་མི་དམངས་ལ་ཚད་ལོན་པའི་རྒྱུགས་ལན་ཞིག་འབུལ་དགོས།

(སྒྱུར་ཞུས་པ་པ་སངས་སྒྲོལ་ལགས་དང་རིག་རྡོར)