《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月21日

ཐུན་མོང་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི“བདེ་སྐྱིད་ཀྱི་ཁ་ཆད”

—— གཞིས་རྩེ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་མགྱོགས་བྲིས།

དུས་ཚོད་དམ་འཛིན་དབུལ་སྒྲོལ་བྱ་བར་བརྩོན། ཕྱུག་འགྱུར་ལམ་དུ་ལང་ཚོའི་གཟི་བྱིན་ངོམས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན་གཞིས་རྩེ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་བ་དང་། དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩི་བ། འཕེལ་རྒྱས་ཀྱི་གོ་སྐབས་ཆེ་ཤོས་སུ་བརྩི་བ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་རྣམ་འགྱུར་དང་བྱས་པའི་རྗེས་ཐོན་པ་བྱས་པས་དབུལ་སྒྲོལ་འགག་སྒྲོལ་ཐད་མྱུར་ཚད་མགྱོགས་སུ་ཕྱིན་པ་དང་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་17.29ཚང་མ་དབུལ་སྒྲོལ་བྱུང་བ་དང་། གྲོང་ཚོ(གྲོང་ལྷན)དབུལ་པོ་1669ཚང་མ་དབུལ་པོའི་གནས་ལས་གྲོལ་བ། རྫོང(ཆུས)དབུལ་པོ་18ཚང་མ་དབུལ་ཞྭ་ཕུད་ཐུབ་པ་བྱུང་བ། མང་ཚོགས་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་པ་བཅས་རེད།

2020ལོའི་དཔྱིད་དུས་སུ་གཞིས་རྩེ་གྲོང་ཁྱེར་གྱིས་ཀུན་སེམས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་གྱིས་ནུས་ཤུགས་ཡོད་རྒུས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་དང་། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན། དབུལ་སྒྲོལ་གྱི་སྤུས་ཚད་མཐོར་གཏོང་། དབུལ་པོ་རང་ལོག་གི་ལམ་བུ་འགོག་པ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་དང་ཐུན་མོང་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི“བདེ་སྐྱིད་ཀྱི་ཁ་ཆད”མངོན་འགྱུར་ཐུབ་པ་བྱེད་བཞིན་ཡོད།

ཐོན་ལས་དམངས་ཕྱུག་ཐད་གཞན་བརྟེན་དང་། རང་བརྟེན། གསོན་ཤུགས་འཕེལ་བ་བཅས་བྱས་པ།

བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་ཀོ་ལྕག་གྲོང་གསར་གྱི་ཕུར་བུ་བུ་ཁྲིད་ཚ་བ་རྒྱུན་གཏན་ཡིན་པས་བདེ་ཞིང་3900གཞིས་ཀ་ཚད་ཡོད་ཀུང་སིའི་ནས་ཐོན་སྐྱེད་འཁོར་ཁང་དུ་བསྐྱོད་དེ་བྱང་ཆུབ་པོས་ཟས་ཚབ་ཏན་ཞིམ་དང་། ཆུའེ་ཆི་ཏན་ཞིམ། ཟས་ཚབ་ཕྱེ་མ་སོགས་ནས་ལས་སྣོན་ཐོན་རྫས་ཐུམ་རྒྱག་པ་དང་ཁ་སྦྱར་བ་སོགས་བྱས།

“ཀུང་སི་དང་སྡོད་ཁང་ཧ་ཅང་ཐག་ཉེ་པོ་ཡོད། ཐོབ་ཐང་ཡང་ཡག་པོ་འདུག་པས་ང་ལས་ཀ་འདིར་ཧ་ཅང་དགའ་པོ་ཡོད”ཅེས་ཕུར་བུ་བུ་ཁྲིད་ཀྱིས་བརྗོད་པའི་ཀུང་སི་ནི་ནས་ལས་སྣོན་དང་ཞིབ་སྤེལ་ལག་རྩལ་གཞི་གཅིག་ཅན་གྱི་ནས་ལས་སྣོན་ཞིབ་ཚགས་ཁེ་ལས་ཤིག་ཡིན་པ་དང་2016ལོར་བཙུགས་པ་དང་། གླིང་ཁུལ་གྱི་ས་ཁྱོན་མུའུ་146ཡོད་པ་རེད།

མང་ཚོགས་ཕྱུག་པོ་ཆགས་པར་བྱེད་པར་ཐོན་ལས་ཀྱི་ལམ་བུ་འབྱེད་དགོས། བདེ་ཞིང་3900གཞིས་ཀ་ཚད་ཡོད་ཀུང་སིས་ཞིང་འབྲོག་ལས་འདི་ཉིད་མདུན་ལམ་ལྡན་པའི་ལས་རིགས་ཤིག་ཏུ་འགྱུར་བ་བྱས་པ་དང་ཆབས་ཅིག་ས་གནས་དེ་གའི་མི་ཐག་ཉེ་ས་དང་སྟབས་བདེ་པོས་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད། དམངས་ཕན་དམངས་ཕྱུག་གི་དབུལ་སྒྲོལ་ཐོན་ལས་རྣམ་གྲངས་དེ་ལྟ་བུ་མིག་སྔར་གཞིས་རྩེའི་གང་སར་ཁྱབ་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཐོན་ལས་དབུལ་སྐྱོར་བྱ་རྒྱུ་དེ་དབུལ་སྒྲོལ་གྱི་སྤུས་ཚད་འགན་ལེན་བྱེད་པའི་གཞི་རྩའི་ཐབས་ཇུས་ཤིག་ཏུ་བརྩིས་ཏེ་ཐོན་ཁུངས་འབེལ་པོའི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞི་དང་ཁྲོམ་རའི་དགོས་མཁོར་གཞི་ཚུགས་ནས་རིམ་རྩིས་ལྟར་ན་ནས་ཀྱི་གཟན་རྩྭ་དང་། ཇོ་མོ་གླང་མའི་ལུག ཇོ་མོ་གླང་མའི་འབྲི་གཡག ལྗང་མདོག་སྔོ་ཚལ། ལས་སྣོན་ཞིབ་ཚགས། རིག་གནས་ཡུལ་སྐོར། ཚོང་དོན་འགྲོ་རྒྱུག མི་རིགས་ལག་ཤེས། སྣོད་བཅུད་སྡོང་ཕྲུག་ར་བ་སོགས་ཁྱད་ལྡན་ཐོན་ལས་རྣམ་གྲངས་309ལས་འགོ་བསྐྱར་འཛུགས་བྱས་ཡོད། 2019ལོར་གྲོང་ཁྱེར་དེ་ཡོངས་ཀྱི་ནས་ཐོན་ཚད་ཏུན་ཁྲི་40ཟིན་པ་དང་ཇོ་མོ་གླང་མའི་ལུག་ཁྲི་115དང་འབྲི་གཡག་ཁྲི་11.5སོ་སོར་བཤས་བཏང་ནས་ཚོང་ཟོག་ཏུ་འགྱུར་ཚད་70%ཟིན་པ་དང་། བ་གླང་ཁྲི་5.56རྒྱུད་པ་ལེགས་བཅོས་བྱས་པ། སྔོ་ཚལ་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་38.7ཟིན་པ་བཅས་རེད།

སྲིད་ཇུས་དམངས་ཕན་ཐད་བློ་སྐྱོར་དང་། རིག་སྐྱོར། ལམ་ལུགས་ཀྱི་རོགས་སྐྱོར་བཅས་བྱས་པ།

ལྷ་རྩེ་རྫོང་བཀྲ་ཤིས་འཛོམས་ཤང་གི་དམངས་ཕན་མི་རིགས་ལག་ཤེས་བཟོ་ལས་མཉམ་ལས་ཁང་ནང་མ་འཛུལ་གོང་སྙན་འཇེབས་ལྡན་པའི་གླུ་སྒྲ་ལྷང་ལྷང་དུ་ཐོས་ཀྱི་འདུག དེ་ནི་མཉམ་ལས་ཁང་གི་བཟོ་པས་སྣམ་བུ་འཐག་གིན་གླུ་ལེན་བཞིན་ཡོད་པ་ཞིག་རེད། དེ་ནི་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་བཟོ་བ་དང་ལས་སྣོན་དང་ལག་རྩལ་གསོ་སྦྱོང་གཞི་གཅིག་ཅན་གྱི་མཉམ་ལས་ཁང་ཞིག་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་ཕུན་ལགས་ཀྱིས་དགའ་ཚོར་ཆེན་པོའི་ངང“མིག་སྔའི་བར་ངས་ཁྱོན་དགེ་ཕྲུག་300ལྷག་ཙམ་གསོ་སྐྱོང་བྱས་པའི་ཁྲོད་ཀྱི་དགེ་ཕྲུག་100ལྷག་ཙམ་དུད་ཚང་དབུལ་པོ་ཡིན་པ་དང་ད་ཆ་ཚང་མ་དབུལ་སྒྲོལ་ཐུབ་ཡོད”ཅེས་གསར་འགོད་པར་བཤད།

གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ར་སོག་ཤང་ནོར་ཁང་གྲོང་ཚོ་ཨུ་ལྷན་དུ་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་དྲིལ་བསྒྲགས་ཀྱི་སྒྲ་ལྷང་ལྷང་དུ་གྲགས་འོང་། “དབུལ་སྒྲོལ་ཐད་སྒུག་བརྟེན་མི་བྱེད་པ་དང་། ཕྱུག་པོ་ཆགས་པར་གདོང་མཆོང་ཕོད་པ་དང་ཉེན་ཁར་གདོང་གཏུག་ཕོད་པ”ཞེས་འཁོད་པའི་མངོན་གསལ་དོད་པའི་སྦྱར་ཡིག་ཅིག་གི་འོག་ཏུ་སྒྲོག་འགྲེལ་པ་ཚེ་ཆོས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གོ་སྐབས་སུ་བྱས་ནས་ཚང་མར་སྒྱིད་ལུག་གི་བསམ་བློ་ཁྱད་བསད་དང་། གཞན་བརྟེན་གྱི་བསམ་བློ་མེད་པ་བཟོ་བ། བདེ་ཐང་གི་ཡ་རབས་འཚོ་བ་དོན་གཉེར་བཅས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་བཞིན་འདུག

གོང་གསལ་གྱི་གནས་དེ་གཉིས་ནི་གཞིས་རྩེའི“བློ་སྐྱོར་དང་རིག་སྐྱོར”གྱི་གསོན་ཉམས་དོད་པའི་ལག་ལེན་གྱི་མཚོན་བྱེད་ཙམ་ཞིག་རེད། དབུལ་སྒྲོལ་གྱི་སྙིང་སྟོབས་དང་རྩལ་ནུས་ཡོད་ཚེ་འཇོན་ཐང་ངོམ་ས་མེད་པའི་སེམས་ཁྲལ་བྱེད་དགོས་མེད། གཞིས་རྩེ་གྲོང་ཁྱེར་གྱིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ནང་སྐྱེས་ཀྱི་སྒུལ་ཤུགས་དང་ལས་ཞུགས་གསོ་སྦྱོང་ཟུང་འབྲེལ་ནུས་ལྡན་བྱས་ཏེ་རྩལ་ནུས་གསོ་སྦྱོང་དང་ལས་ཐོག་ལས་ཞུགས་དང་། ཕྱིར་སྐྱོད་ལས་ཞུགས་དང་ཉེ་སར་ལས་ཞུགས(འབྲེལ་བ་ཆ་གཉིས)ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་མང་ཚོགས་དབུལ་པོ་ཁྲི་2.46ལ་གསོ་སྦྱོང་བྱས་ཏེ་སྣོད་བཅུད་དང་། ངལ་ནུས། འདེབས་འཛུགས། གསོ་ཚགས། ལག་ཤེས་བཟོ་ལས། སྐྱེལ་འདྲེན། ལས་གྲྭ་དང་འཕྲུལ་ཆས་སོགས་ཆེད་ལས་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་དུད་ཚང་དབུལ་པོ་དང་མཐའ་ལུས་དུད་ཚང་མ་རྐང་ནང་ཞུགས་ནས་མཉམ་ལས་བྱེད་པ་དང་། མཉམ་ལས་ཁང་ནང་ཞུགས་ནས་ལས་ཀ་བྱེད་པ། ས་ཞིང་ནང་བཤུག་གཏོང་བ། ཐོན་སྐྱེད་ཚབ་གཉེར། མཉམ་དུ་འདེབས་འཛུགས་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཆེད་ལས་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ནང་ཞུགས་པ་རེད། 2019ལོའི་ལོ་མཇུག་བར་གྲོང་ཁྱེར་ཡོངས་སུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་6709བར་འཕེལ་རྒྱས་ཕྱིན་པ་དང་། མཉམ་ལས་ཁང་གི་མ་རྐང་ནང་ཞུགས་མཁན་མང་ཚོགས་ཁྲི་40ལྷག་ཙམ་ཟིན་པ། མཉམ་ལས་ཁང་2577ལ་ཁེ་སྤོགས་བྱུང་ནས་མི་རེར་ཆ་སྙོམས་བགོ་འགྲེམས་སྒོར་1400སྤྲད་པ་རེད།

ཁོར་ཡུག་དམངས་བདེའི་ཐད་སྡོད་མལ་དང་། ལས་གཏོད། ཡུལ་སྐོར་བཅས་འཚམ་པོ་ཡོང་བ་བྱས་པ།

“ད་ཆ་ང་ཚོ་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པའི་ནང་སྡོད་རྒྱུ་ཡོད་ལ་ཟས་གོས་སྡོད་གསུམ་ལ་སེམས་ཁྲལ་མེད་པ་དང་། སྨན་བཅོས་འགན་ལེན་ཡོད་པ། མི་རྒན་པ་སྒོ་རྩར་ལས་ཞུགས་ཐུབ་པ། ཕྲུ་གུ་ཐག་ཉེ་སར་སློབ་གྲྭར་སྐྱོད་ཐུབ་པ་བཅས་བྱུང་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་གུང་ཁྲན་ཏང་གི་བཀའ་དྲིན་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སྡོད་ཁང་གསར་པར་སྤོས་པའི་རྣམ་གླིང་རྫོང་སྐྱིད་ལུང་གྲོང་ཚོའི་གྲོང་མི་བསམ་གྲུབ་ཚེ་རིང་གིས་དགའ་ཚོར་ཆེན་པོས་བཤད་པ་རེད།

བདེ་སྡོད་བྱུང་ཚེ་ལས་བརྩོན་ཐུབ། ཉེ་བའི་ལོ་ཤས་རིང་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་རྒྱུ་དེ“དབུལ་པོའི་གནས་ལས་སྤོ་བ་དང་། དབུལ་པོའི་རྣམ་པར་འགྱུར་ལྡོག་གཏོང་བ། དབུལ་པོའི་ལས་རིགས་ལ་འགྱུར་ལྡོག་གཏོང་བ། དབུལ་པོ་དྲུངས་ནས་འབྱིན་པ”བཅས་ཀྱི་འགག་རྩའི་བྱེད་ཐབས་ལ་བརྩིས་ཏེ་བཀོད་སྒྲིག་བྱ་ཡུལ་གཅིག་སྡུད་ཐོག་བསྐྲུན་པ་དང་། གནས་སྤོས་རྗེས་མུ་མཐུད་རོགས་སྐྱོར་བྱེད་པ། ལས་ཞུགས་བཀོད་སྒྲིག་སོགས་ཀྱི་ལས་དོན་ལ་དམ་འཛིན་ཧུར་ཐག་བྱས་པ་རེད། མིག་སྔའི་བར་བཀོད་སྒྲིག་བྱ་ཡུལ་250ཡི་སྡོད་ཁང་འཛུགས་སྐྲུན་གྱི་ལས་འགན་རྦད་དེ་ལེགས་སྒྲུབ་ཐུབ་ནས་མང་ཚོགས་ཆ་ཚང་སྤོ་ཐུབ་ཡོད། དུད་ཚང་16881གི་མང་ཚོགས་དབུལ་པོ་ཁྲི་7དགའ་སྤྲོའི་ངང་སྡོད་ཁང་གསར་པར་སྤོས་པ་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་ཚང་མ་ལས་འགོ་བཙུགས་ནས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།

མི་ལས་མཐོ་བའི་རི་མེད་ལ་རྐང་པ་ལས་རིང་བའི་ལམ་ཡང་མེད། དམངས་འཚོའི་སྐོར་གྱི་དབུལ་སྒྲོལ་གྱི་གྲངས་གཞི་རེ་རེ་དང་། སེམས་འགུལ་འགུལ་བའི་དབུལ་སྒྲོལ་གྱི་གཏམ་རྒྱུད་རེ་རེ། དྲོ་སྐྱིད་ལྡན་པའི་མང་ཚོགས་ཀྱི་ངོ་གདོང་རེ་རེ་བཅས་ལས་གཞིས་རྩེ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་མཛེས་སྡུག་ལྡན་པའི་རྣམ་པ་འགྲུབ་པ་དང་དབུལ་ཞྭ་ཕུད་དེ་འཚོ་བ་ཡག་པོ་སྐྱེལ་བའི་ཕུགས་འདུན་མངོན་འགྱུར་བྱེད་བཞིན་ཡོད་པ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)