《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月02日

ཅང་ཅེས་བོད་ལྗོངས་རིག་གནས་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་དང་ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་རྣམ་གྲངས་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་31ཉིན་གནས་ཚུལ་འབྱོར་གསལ། ཟླ་3ཚེས་30ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་བོད་ལྗོངས་རིག་གནས་རླུང་འཕྲིན་བརྙན་འཕྲིན་སྒྱུ་རྩལ་ལྟེ་གནས་དང་ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལས་ཡུལ་དུ་ཕེབས་ནས་ས་གནས་ས་ཐོག་ཏུ་རྣམ་གྲངས་ཀྱི་འཕེལ་རིམ་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་སྦྲགས་ལས་དོན་བཞུགས་མོལ་ཚོགས་འདུའང་འཚོགས་པ་རེད།

ཨར་ལས་བྱ་ཡུལ་དུ་རྐོ་འདྲུའི་འཕྲུལ་འཁོར་དང་ས་འབུད་འཕྲུལ་འཁོར་བཅུ་ལྷག་ཙམ་ལས་ལ་བྲེལ་བ་དང་ཨར་ལས་མི་སྣ་ཚོས་གོ་རིམ་ལྡན་པའི་ངང་ལས་ལ་བྲེལ་བཞིན་པའི་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་མངོན་བཞིན་ཡོད། ཅང་ཅེས་ཕེབས་ཞོར་དུ་བཀའ་འདྲི་གནང་བ་དང་། རྣམ་གྲངས་འཆར་འགོད་ཇུས་འགོད་དང་། འཛུགས་སྐྲུན་གྱི་འཕེལ་རིམ། ལེ་ལག་ཚང་བའི་སྒྲིག་བཀོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། རྣམ་གྲངས་ཀྱི་སྙན་ཞུ་ནན་ཏན་ངང་གསན་ཏེ་སྡེ་ཚན་ཁག་དང་ཨར་ལས་ཚན་པ་ཁག་གིས་འཆར་འགོད་ཇུས་གཞི་ཟམ་མི་ཆད་པར་ལེགས་སུ་བཏང་བ་དང་རྣམ་གྲངས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་སོགས་ཀྱི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་བ་རེད།

ཅང་ཅེས་མིག་སྔར་རྣམ་གྲངས་འཛུགས་སྐྲུན་འགག་རྩའི་དུས་སུ་སླེབས་ཡོད་པས་ཨར་ལས་ཚན་པ་ཁག་གིས་ནུས་ཤུགས་ཡོད་རྒུས་ལས་ཀའི་མྱུར་ཚད་མགྱོགས་སུ་བཏང་ནས་དུས་ཚོད་ཀྱི་མཚམས་ཚིགས་དང་འཛུགས་སྐྲུན་འཆར་འགོད་གཞིར་བཟུང་། གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་དང་འཕེལ་རིམ་མགྱོགས་སུ་བཏང་སྟེ་དུས་བཀག་དང་སྤུས་ཚད་གཞིར་བཟུང་། ལས་གྲྭའི་འཛུགས་སྐྲུན་གྱི་ལས་འགན་ཁག་ལེགས་སྒྲུབ་ཐུབ་པ་བྱེད་དགོས། རང་འགུལ་ངང་འབྲེལ་མཐུད་ཧུར་ཐག་བྱེད་པ་དང་། མཐུན་སྦྱོར་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱས་ཏེ་རྣམ་གྲངས་ཀྱི་འབྲེལ་ཡོད་ལེ་ལག་སྒྲིག་བཀོད་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིག་གང་ལེགས་བྱས་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། ཨར་ལས་སྒྲིག་འཛུགས་ནན་ཏན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་འདོམས་དང་བཀོད་གཏོང་བྱས་ཏེ་འགོ་འཛུགས་ས་མཐོ་བ་དང་། ཚད་གཞི་མཐོ་བ། སྤུས་ཚད་ལེགས་པ། ལས་ཕྱོད་ཆེ་བ་བཅས་ཀྱི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དེ་ལོ་རྒྱུས་དང་ལག་ལེན་གྱི་ཞིབ་དཔྱད་ཐོབ་པའི་ལས་གྲྭ་རྩེ་གྲ་ཞིག་ཏུ་གྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)