《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月31日

ཏང་གི་བཀའ་དྲིན་མཚོ་ལས་ཟབ།

ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ར་ཀོ་གྲོང་ཚོའི་ལོ་109ལ་སླེབས་པའི་གྲོང་མི་བསོད་ནམས་སྒྲོལ་མས་གངས་ལྗོངས་ས་མཐོའི་ལོ་རྒྱུས་འགྱུར་ལྡོག་གི་བདེན་དཔང་བྱེད་ཅིང་། ཁོང་འཇིག་རྟེན་འདིར་སླེབས་པ་ནས་བཟུང་ཞིང་བྲན་ཞིག་ཡིན་པའི་ངོས་ནས་དུས་རབས་ཕྱེད་ཀ་ཙམ་དཀའ་སྡུག་གི་འཚོ་བ་སྐྱེལ་དགོས་བྱུང་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཁོང་གིས་རེ་སྒུག་ཆེན་པོ་བྱེད་པའི་ས་ཞིང་དང་། ཁང་པ། ནོར་ལུག་སོགས་བྱུང་ནས་བཤུ་གཞོག་དང་གཉའ་གནོན་མྱོང་བའི་འཚོ་བ་མཇུག་འགྲིལ། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་དབང་པོ་སྐྱོན་ཅན་ཡིན་པའི་བུ་མོ་ཚེ་རིང་འཛོམས་པས་ནང་མི་ཡོངས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་འདུན་པ་བཅངས་ཏེ་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་བསྐྱོད་རྒྱུར་འབད་འཐབ་ཧུར་ཐག་བྱས་ཡོད། འདི་ནི་བསོད་ནམས་སྒྲོལ་མའི་ཡང་ཚ་བསྟན་འཛིན་འཛོམས་སྐྱིད(གཡས་ཀྱི་དང་པོ)དང་། བསྟན་འཛིན་དབྱངས་སྐྱིད(གཡོན་གྱི་དང་པོ) བསྟན་འཛིན་ཆོས་སྐྱིད་བཅས་ཀྱིས་སྒོ་རའི་ནང་རྒན་མོ་དང་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་པ།

དཔྱིད་ཟླ་གསུམ་པར་མངའ་རིས་ས་མཐོར་དཔྱིད་གྲང་བསྟན་པ་དང་ལྷག་བསིལ་རྒྱག་བཞིན་ཡོད་ཅིང་། རྩྭ་མདའ་རྫོང་མདའ་འབབ་ཤང་ཁྱུང་ལུང་གྲོང་ཚོ་ཨུ་ལྷན་ནང་གི་བརྩེ་སེམས་ཟབ་མོ་མཚོན་པའི་རྣམ་པ་ལས་གྲང་ངར་གྱི་ཚོར་བ་རེ་ཞིག་ཡལ།

“ང་ཚོའི་འཚོ་བ་ཇེ་ཡག་ཏུ་འགྲོ་བ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད་ལ་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྒེར་སེམས་མེད་པའི་རྒྱབ་སྐྱོར་དང་ཡང་ཁ་འབྲལ་ཐབས་མེད། ད་ཆ་ཧུའུ་པེའི་གཉེན་ཉེར་དཀའ་ངལ་འཕྲད་སྐབས་ང་ཚོས་ངེས་པར་དུ་ནུས་པ་ཕྲན་བུ་འདོན་དགོས”ཞེས་ཤོད་བཞིན་དུ་གྲོང་མི་ཕུན་ཚོགས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་ཆེད་རང་མོས་ངང་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་བ་ཐོས་སྐབས་དངུལ་སྨར་བཏོན་ཏེ་ཡིད་གཟབ་ངང་ལས་དོན་མི་སྣར་སྤྲད།

དེ་སྔ་དབུལ་ཞིང་ཕོངས་པའི་གྲོང་ཚོ་དེ་2018ལོའི་ལོ་མཇུག་ཏུ་དུད་ཚང་37གྱི་མི་128ཚང་མ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་དབུལ་ཞྭ་ཕུད་ཐུབ་ཡོད། ཚང་མས་བཀའ་དྲིན་ཚོར་བཞིན་དུ་གྲོང་ཚོ་ཨུ་ལྷན་དུ་ཡོང་ནས་གཅིག་རྗེས་གཉིས་མཐུད་ཀྱིས་གཅེས་སེམས་མཚོན་པའི་ཞལ་འདེབས་དངུལ་སྒོར་56350བརྒྱབ་པ་ཚང་མ་རྩྭ་མདའ་རྫོང་ཨུད་རྩ་འཛུགས་པུའུ་བརྒྱུད་ཝུའུ་ཧན་གྱི་གཉེན་ཉེར་ཕུལ་བ་རེད།

མིག་སྔའི་བར་རིམ་རྩིས་བརྒྱབ་ན་རང་ལྗོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8དབུལ་སྒྲོལ་ཐུབ་པ་དང་རྫོང་དང་ཆུས་74ཚང་མ་དབུལ་ཞྭ་ཕུད་དེ་དབུལ་སྒྲོལ་འགག་སྒྲོལ་ཐད་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་དང་ལོ་རྒྱུས་རང་བཞིན་གྱི་འཕེལ་རིམ་འགངས་ཆེན་ཐོབ་ཐོག་རྒྱལ་ཡོངས་དང་མཉམ་དུ་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་བ་རེད།

བོད་དུ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་ཟིན་ནས“དཀའ་ཚེགས་ཆེ་བའི་ཁུལ”ཞེས་འབོད་ཀྱི་ཡོད། གྲངས་གཞི་ལས་1959ལོར་བོད་དུ་མི་ཁྲི་122.8ལས་མེད་པ་དང་མི་རེའི་ཆ་སྙོམས་ཚེ་ཚད་ལོ་35.3ཙམ་ཡིན་པ་མངོན་ཡོད།

མི་དམངས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་དེ་རེད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་ཀྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་ལ་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་བྱུང་བ་དང་མིག་སྔར་བོད་ཀྱི་མི་འབོར་ཁྲི་343.8ཟིན་ནས་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་70.6བར་རིང་དུ་སོང་ཡོད།

“སྔོན་ཆད་ནི་ཁང་གསར་དང་། སྨན་བཅོས། ཚེ་རིང་པོ་བཅས་ནི་རྨི་ལམ་ལའང་འཁོར་མ་མྱོང་བའི་བྱ་བ་ཞིག་ཡིན་ཞིང་། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ཀྲུང་གོ་གུང་ཁྲན་ཏང་ཁོ་ནས་ངོ་མཚར་དེ་ལྟ་བུ་བཏོད་ཐུབ་པ་དང་། ང་ཚོར་འདི་ལྟ་བུའི་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ་བྱུང”ཞེས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ་གྱི་དཀར་ཆ་དོད་ལ་གཙང་སྦྲ་ལྡན་པའི་གྲོང་མིའི་སྡོད་ཁང་ཞིག་ནང་བསྡད་པའི་ལོ་74ལ་སླེབས་པའི་བསོད་ནམས་སྟོབས་རྒྱལ་གྱིས་མྱོང་ཚོར་ཡང་ཡང་གླེང་།

2019ལོར་སྔོན་དཔག་བྱས་ན་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10%དང་13%སོ་སོར་འཕར་ནས་མུ་མཐུད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་98.1%གིས་ཐབས་ལམ་སྣ་ཚོགས་བརྒྱུད་ལས་ཞུགས་ཐུབ་པ། དེང་དུས་སློབ་གསོས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་བཏགས་ཏེ་སློབ་གྲྭར་འགྲོ་མཚམས་མི་ཆད་པ་དང་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱས་པ། འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་སྔར་བས་འཕེལ་རྒྱས་བཏང་ནས་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ཁམས་བཟང་ལྡན་པ། ཁྲིམས་ལྟར་བོད་སྐྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་99.7%ཟིན་པ་བཅས་རེད།

“ལོ་61རིང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ་དང་། ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཧ་ཅང་ཆེ་རུ་ཕྱིན་སྟེ་བོད་རྙིང་པར་ཞིང་བྲན་གྱིས་མགོ་བོ་སྒུར་བ་དང་ལྕེ་བསྣར་ནས་གུས་གུས་ཞུམ་ཞུམ་བྱེད་པའི་སྣང་ཚུལ་མཐོང་རྒྱུ་མེད་ལ་རྒྱལ་ཁབ་ཀྱི་བདག་པོ་དང་རང་ཉིད་ཀྱི་ལས་དབང་གི་བདག་པོར་དངོས་སུ་གྱུར་ཡོད”ཅེས་བོད་ཀྱི་འཕེལ་རྒྱས་ཡར་ཐོན་སྐོར་གླེང་སྐབས་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཀུན་མཛའ་ཆོས་དབང་གིས་བརྗོད། ཁོང་གིས“བོད་ཀྱི་གྲོང་ཚོ་གང་རུང་ཞིག་ཏུ་བསྐྱོད་ཀྱང་ཁྱིམ་ཚང་ཚང་མའི་ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་མཐོང་ཐུབ་པ་དེ་ནི་བོད་ཀྱི་མི་དམངས་ཀྱིས་རླབས་ཆེའི་མེས་རྒྱལ་ལ་དགའ་ཞེན་ཚད་མེད་བྱེད་པ་དང་ཀྲུང་གོ་གུང་ཁྲན་ཏང་ལ་བཀའ་དྲིན་ཚད་མེད་བཅངས་ལུགས་མཚོན་གྱི་ཡོད”ཅེས་བཤད་པ་རེད།

འདི་ལོའི་ཟླ་2ཚེས་21ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་འཕྲིན་ལན་སྤྲིངས་པའི་གནས་ཚུལ་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་ཐོས།

“སྤྱི་ཁྱབ་ཧྲུའུ་ཅིས་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་འཕྲིན་ལན་སྤྲིངས་གནང་བ་ཐོས་སྐབས་ངེད་ཚོར་དེ་སྔའི་འཕྲིན་ལན་འབྱོར་བ་ལྟར་སེམས་འགུལ་ཚད་མེད་ཐེབས་བྱུང་། སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱིས་སླར་ཡང་ངེད་ཚོར་སྟོབས་ཤུགས་ཆེན་པོ་སྦྱིན”ཞེས་དུས་རབས་ཀྱི་དཔེ་བཟང་བ་སྒྲོལ་དཀར་གྱིས་སེམས་འགུལ་ཐེབས་བཞིན་བཤད་པ་དང་། ཁོང་གིས“སྤྱི་ཁྱབ་ཧྲུའུ་ཅིས་ཡུལ་སྨད་ཤང་གི་མང་ཚོགས་ལ་འཕྲིན་ལན་སྤྲིངས་ཚུན་ཡུལ་སྨད་དུ་འབྱོར་འབྲིང་ཤང་བསྐྲུན་པ་དང་ཁྱིམ་ཚང་ཚང་མ་ཁང་པ་གསར་པར་སྤོས་ཏེ་མི་འབོར་ཡང་སྔོན་ཆད་ལས་མང་དུ་ཕྱིན་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བའི་སྟོབས་ཤུགས་ཀྱང་དེ་བས་ཆེ་རུ་ཕྱིན་ཡོད”ཅེས་བཤད།

ཡུལ་སྨད་ཤང་གི་གཏམ་རྒྱུད་ནི་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་གིས་ས་སྲུང་མཐའ་བརྟན་བྱེད་པའི་བསྡུས་རིས་ཡིན་ལ། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་དེ་བས་རེད།

“བོད་ནི་པེ་ཅིང་དང་བར་ཐག་ཧ་ཅང་རིང་པོ་ཡོད་མོད། འོན་ཀྱང་ཀྲུང་དབྱང་གིས་ངེད་ཚོར་དུས་དང་རྣམ་པ་ཀུན་ཏུ་ཐུགས་ཁུར་གནང་གི་ཡོད། རྒྱལ་ཁབ་ཡོད་ཚེ་གཞི་ནས་ཁྱིམ་ཚང་ཡོད། རྒྱལ་མཚམས་བརྟན་ལྷིང་མེད་ཚེ་ཁྱིམ་ཚང་ཁྲི་སྟོང་མང་པོའི་དུས་བདེ་ཡོད་མི་སྲིད”ཅེས་སྒྲོལ་དཀར་གྱིས་བློ་རྩ་བརྟན་པོའི་སྒོ་ནས་རྒྱལ་ཡོངས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འདུན་བཤད་པ་སྟེ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་། གཅེས་སྐྱོང་། སྐུལ་ལྕག་བཅས་སེམས་ལ་བརྟན་པོར་ངེས་ཏེ་མེས་རྒྱལ་མཐའ་མཚམས་ཀྱི་རྩྭ་རྩི་ཤིང་ཚང་མར་ལྟ་སྲུང་ཡག་པོ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་འཇལ་རྒྱུ་ཡིན་ཞེས་བཤད།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་ཚེ་ཁོས་ཞུས)