《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月31日

རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཁྲོམ་རའི་ལས་ཞུགས་ཀྱི་ཁ་གསབ་རོགས་དངུལ་ཟླ་4ཚེས་1ཉིན་ནས་བཟུང་དྲ་ཐོག་ནས་རེ་ཞུ་དང་ཞིབ་བཤེར་བྱ་ཆོག་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པས་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར། ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་སྔར་བས་ལག་བསྟར་དོན་འཁྱོལ་བྱས་ཏེ། ལས་ཞུགས་སྔོན་ལ་བྱེད་པའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཁ་གསབ་རོགས་དངུལ་སྒྲུབ་གཉེར་དང་སྤྲོད་མཁན་སྡེ་ཚན་ཁག་གི་ལས་ཕྱོད་ཆེ་རུ་གཏོང་བ། བདག་སྤྲོད་ཞབས་ཞུའི་གནོན་ཤུགས་ཆུང་དུ་གཏོང་བ། འགྲོ་འོང་བྱེད་ཐེངས་ཉུང་དུ་གཏོང་བ་བཅས་བྱེད་ཆེད། 《བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཁྲོམ་རའི་ལས་ཞུགས་དང་རང་བརྟེན་ལས་གཏོད་ཀྱི་ཁ་གསབ་རོགས་དངུལ་དྲ་ཐོག་ནས་རེ་ཞུ་བྱེད་པ་དང་། དེ་བཞིན་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོའི》(བོད་མི་སྤྱི་ཡིག[2019]ཨང་384)བླང་བྱ་གཞིར་བཟུང་། 2020ལོའི་ཟླ་4ཚེས་1ཉིན་ནས་བཟུང་། རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཁྲོམ་རའི་ལས་ཞུགས་ཀྱི་ཁ་གསབ་རོགས་དངུལ་དྲ་ཐོག་ནས་རེ་ཞུ་དང་ཞིབ་བཤེར་བྱ་ཆོག་པ་དང་། འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར་ཏེ།

གཅིག རང་ལྗོངས་ཀྱི་ཉིན་གང་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མ་ལས་ཞུགས་བྱས་པའི་ལྗོངས་ནང་ཁུལ་གྱི་ཁེ་ལས་ཁག ཁེ་ལས་ཀྱིས“བོད་ལྗོངས་སྤྱི་པའི་ལས་ཞུགས་ཞབས་ཞུ་དྲ་བའི་ཚོམས་ཆེན”(དྲ་གནས། http://218.206.180.132/)གྱི་དྲ་ཚིགས་སུ་གཅིག་གྱུར་འཛུལ་བ་དང་། “ཚན་པ”ཞེས་པ་བསྣན་པ་དང་ཐོ་འགོད་ལེགས་གྲུབ་ཟིན་རྗེས“ལྗོངས་ནང་ཁུལ་གྱི་ཁེ་ལས་ཀྱི་ལས་ཞུགས་ཁ་གསབ་རོགས་དངུལ་རེ་ཞུའི”ནང་འཛུལ་ནས་ལྗོངས་ནང་ཁུལ་གྱི་ཁེ་ལས་ཀྱི་ལས་ཞུགས་ཁ་གསབ་རོགས་དངུལ་རེ་ཞུ་བྱ་ཆོག

གཉིས། ལྗོངས་ཕྱིར་ལས་ཞུགས་ཐུབ་པའི་སྐྱེས་ཁུངས་རང་ལྗོངས་ནས་ཡིན་པའི་ཉིན་གང་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མ(མཐོ་རྒྱུགས་གཏོང་སྐབས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ)ཡི“བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས”ཀྱི་སྐད་འཕྲིན་ཞབས་ཞུའི་ཨང་གྲངས་སུ་འཛུལ་བ་དང་། “ལས་སྒྲུབ་ཚོམས་ཆེན”ཞེས་པ་བསྣན་རྗེས“ལྗོངས་ཕྱིའི་ལས་ཞུགས་ཀྱི་ཁ་གསབ་རོགས་དངུལ་རེ་ཞུའི”ནང་འཛུལ་ནས་ལྗོངས་ཕྱིའི་ལས་ཞུགས་ཁ་གསབ་རོགས་དངུལ་རེ་ཞུ་བྱ་ཆོག

གསུམ། བོད་ཀྱི་མཐོ་སློབ་འགྲིམ་མྱོང་བའི་ཉིན་གང་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མའི་ལོ་འདི་གའི་སློབ་ཐོན་སློབ་མ(སྐྱེས་ཁུངས་རང་ལྗོངས་ནས་ཡིན་པ་དང་ལྗོངས་ཕྱིར་མཐོ་སློབ་འགྲིམ་པའི་མཐོ་སློབ་སློབ་ཐོན་སློབ་མས་རང་གནས་སའི་མཐོ་སློབ་ལ་རེ་ཞུ་བྱས་ཏེ་ས་གནས་དེ་གའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཡིག་ཆར་གཞིགས་ནས་ལག་བསྟར་བྱ་རྒྱུ)སློབ་གྲྭ་ཐོན་པའི་ལོ་འཁོར་དེར་ལས་ཞུགས་ཀྱི་འདོད་འདུན་ཡོད་པ་མ་ཟད། ལས་ཀ་ཧུར་ཐག་འཚོལ་མཁན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་ལོངས་སུ་སྤྱོད་མཁན་གྱི་ཁྱིམ་ཚང་དང་། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་། ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོ་བཅས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་དང་། དཀའ་ངལ་ཡོད་པའི་མི་སྣའི་ཁྲོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ། དབང་པོ་སྐྱོན་ཅན་གྱི་མཐོ་སློབ་སློབ་ཐོན་སློབ་མ། སློབ་གྲྭ་འགྲིམ་རིང་སློབ་སྐྱོར་དངུལ་བུན་ལོངས་སུ་སྤྱོད་མཁན་གྱི་མཐོ་སློབ་སློབ་ཐོན་སློབ་མ་བཅས་རེད། སློབ་ཐོན་སློབ་མས“བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས”ཀྱི་སྐད་འཕྲིན་ཞབས་ཞུའི་ཨང་གྲངས་སུ་འཛུལ་བ་དང་། “ལས་སྒྲུབ་ཚོམས་ཆེན”ཞེས་པ་བསྣན་རྗེས“ཐེངས་གཅིག་རང་བཞིན་གྱི་ལས་འཚོལ་ཁ་གསབ་རོགས་དངུལ་རེ་ཞུའི”ནང་འཛུལ་བ་ནས་ཐེངས་གཅིག་རང་བཞིན་གྱི་ལས་འཚོལ་ཁ་གསབ་རོགས་དངུལ་རེ་ཞུ་བྱ་ཆོག

བཞི། མི་སྤྱོད་ཚན་པས་ཁ་གསབ་རོགས་དངུལ་རེ་ཞུ་བྱེད་པར་སྟབས་བདེ་ཡོང་ཆེད། སྤྱི་ཚོགས་འགན་བཅོལ་གྱི་སྒྲུབ་གཉེར་དབང་ཚད་གཞིར་བཟུང་། ཆ་རྐྱེན་དང་མཐུན་པའི་ལྗོངས་ནང་ཁུལ་གྱི་མི་སྤྱོད་ཚན་པ་ཁག་གིས་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་བསྡུ་ལེན་བྱས་རྗེས། ལྗོངས་ནང་ཁུལ་གྱི་གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་ཀྱིས་སྤྱི་ཚོགས་འགན་བཅོལ་འཇལ་ཡུལ་གྱི་ས་ཁུལ་དང་གྲོང་ཁྱེར་གྱི་མི་སྤྱི་སྡེ་ཚན་ལ་རེ་ཞུ་བྱ་ཆོག་པ་དང་། བོད་སྡོད་ཀྲུང་དབྱང་ཁེ་ལས་ཀྱིས་ཐོ་འགོད་བྱེད་སའི་ས་ཁུལ་གྱི་མི་སྤྱི་སྡེ་ཚན་ལ་རེ་ཞུ་བྱ་ཆོག

རིམ་ཁག་མི་སྤྱི་སྡེ་ཚན་གྱིས་རེ་ཞུའི་ལས་སྟེགས་བརྒྱུད། མི་སྤྱོད་ཚན་པ་ཁག་དང་མཐོ་སློབ་སློབ་ཐོན་སློབ་མའི་རེ་ཞུའི་དཔྱད་ཡིག་ལ་ཞིབ་བཤེར་བྱེད་པ་དང་། ཞིབ་བཤེར་གྱི་ཚད་གཞི་ལོན་རྗེས་མི་སྤྱོད་ཚན་པ་དང་མཐོ་སློབ་སློབ་ཐོན་སློབ་མས་ངེས་པར་དུ་ཤོག་ཐོག་དཔྱད་ཡིག་རྣམས་འབྲེལ་ཡོད་མི་སྤྱི་སྡེ་ཚན་ལ་ཕུལ་ནས་ཐོ་འགོད་བྱེད་དགོས།