《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月31日

ནམ་མཁའ་དྭངས་ཤིང་དྲོད་འཇམ་ཉི་འོད་འོག་ཏུ་འཚོ་བར་རོལ།

—— བོད་ཀྱིས“ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”ཐེངས་61པར་རྟེན་འབྲེལ་ཞུས་པ།

ཟླ་གསུམ་པར་དཔྱིད་དཔལ་རབ་ཏུ་བཞད་དེ་རྩི་ཤིང་མ་ལུས་སྔོ་ལྗང་གོས་ཀྱིས་བརྒྱན། ལྷ་ས་གྲོང་ཁྱེར་གྱི་ཉེ་འདབས་སུ་གནས་པའི་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོར་གྲོང་ཚོའི་འགྲོ་ལམ་རྒྱ་ཆེ་ལ་ཁོད་སྙོམས་པ་དང་བོད་བཟོའི་གྲོང་མིའི་སྡོད་ཁང་གསར་པ་གསར་རྐྱང་སྟར་པ་དང་སྟར་པ་བྱས་ཏེ་འགྱིང་ངེར་གནས། ཧ་ཅང་མཛེས་པའི་བོད་བཟོའི་སྒོ་ར་ཞིག་ཏུ་ལོ་74ལ་སླེབས་པའི་བགྲེས་སོང་བློ་བཟང་དོན་གྲུབ་རབ་ཏུ་བཞད་པའི་མེ་ཏོག་ལ་གཡོག་བྱེད་བྱེད་བཞིན་འདུག

བགྲེས་སོང་བློ་བཟང་དོན་གྲུབ་ཁྱིམ་གྱི་བརྐོས་དག་ལ་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་ཚོམས་ཆེན་གྱི་ཁྱིམ་སྤྱོད་གློག་ཆས་སྣ་ཚོགས་དང་བོད་བཟོའི་ཁྱིམ་ཆས་གང་དགོས་ཚང་མ་འཛོམས་འདུག བགྲེས་སོང་བློ་བཟང་དོན་གྲུབ་ཀྱིས་དགའ་ཚོར་ཆེན་པོས་གསར་འགོད་པར“སྲིད་གཞུང་གིས་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་ནས་ང་ཚོར་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པ་སྐྲུན་རོགས་བྱས་པས། འཚོ་བའང་ཇེ་ལེགས་སུ་ཕྱིན་ཡོད། འགྱུར་ལྡོག་འདི་དག་དེ་སྔ་བསམ་བློའང་འཁོར་མི་ཕོད་པ་ཞིག་རེད”ཅེས་བཤད། པད་ནག་གྲོང་ཚོའི་གྲོང་མིའི་སྡོད་ཁང་ནི་བོད་དུ་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱས་པའི་མཚོན་བྱེད་ཙམ་ཞིག་རེད་ལ། དམངས་ལ་དོན་དངོས་བཅུ་སྒྲུབ་པའི་གྲས་ཤིག་ཀྱང་རེད། རིམ་རྩིས་ལྟར་ན་མིག་སྔར་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་230ལྷག་ཙམ་གྱི“སྡོད་ཁང་གསར་པའི་ཕུགས་འདུན”བསྒྲུབས་ཡོད།

ཟླ་3ཚེས་28ཉིན་ནི་བོད་ཀྱི“ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”ཐེངས་61པ་ཡིན་པ་དང་1959ལོའི་དཔྱིད་ཀར་ཀྲུང་དབྱང་གིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་བོད་རྙིང་པའི་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་མེད་བཏང་བ་རེད། སྐབས་དེ་དུས་བློ་བཟང་དོན་གྲུབ་ལོ་13ལ་སླེབས་མ་ཐག་ཡིན་ཞིང་། ཁོ་པ་ཞིང་བྲན་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་ཁོང་གིས་སྐབས་དེ་དུས་གྲོང་མི་ཚོས་དགའ་ཚོར་ཆེན་པོས་ས་ཞིང་གི་གན་རྒྱ་མེར་བསྲེགས་པའི་རྣམ་པ་ནམ་ཡང་བརྗོད་ཐབས་བྲལ།

སྟག་རྩེ་ཆུས་ལ་ལྷ་སའི་ཉེ་འགྲམ་དུ་གནས་པའི་ལེགས་ཆ་ལྡན་ཡོད། ཉེ་བའི་ལོ་ཤས་ནང་ས་གནས་དེ་གའི་སྲིད་གཞུང་གིས་གཟིགས་སྐྱོང་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཞིང་འབྲོག་པ་ཚོར་སྔོ་ཚལ་འགྱིག་ཤོག་དྲོད་ཁང་བསྐྲུན་ནས་ཁྱད་ལྡན་འདེབས་འཛུགས་བྱེད་དགོས་པའི་ལྕག་སྐུལ་བྱེད་ཀྱི་ཡོད། བགྲེས་སོང་བློ་བཟང་དོན་གྲུབ་གྲོང་ཚོའི་འབྲི་ཏ་ས་འཛིན་འདེབས་འཛུགས་མཉམ་ལས་ཁང་ལ་ཞུགས་ནས་འགྱིག་ཤོག་དྲོད་ཁང་སྟར་པ་ཁ་ཤས་འགན་གཙང་བླངས་པ་དང་བུ་ཚེ་རིང་དབང་འདུས་ཀྱིས་ཆེད་ལས་ལག་རྩལ་པའི་ས་ནས་འདེབས་འཛུགས་ལག་རྩལ་སྦྱངས་པས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་ལྔ་དྲུག་ཡོང་གི་ཡོད།

ལྷོ་ཁ་གྲོང་ཁྱེར་གྱི་ཁེ་གསུམ་སྡེ་ཁུལ་ལ་བོད་ཀྱི“དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ”ཞེས་བརྗོད་ཀྱི་ཡོད། ཟླ་3ཚེས་28ཉིན་གྲོང་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་མཉམ་དུ་རང་ཉིད་ལ་བདག་པའི་དུས་ཆེན་དགའ་གཏོང་བྱས་པ་རེད། ལོ་73ལ་སླེབས་པའི་བགྲེས་སོང་བསོད་ནམས་དོན་གྲུབ་ཀྱིས་དགའ་ཚོར་ཆེན་པོས་ལོ་3ལ་སླེབས་པའི་ཡང་ཚ་རྩེད་འཇོར་རོལ་སར་ལྟ་བཞིན“ང་ལོ་8ནས་བཟུང་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཞིང་བྲན་བདག་པོའི་ལས་ཀ་བྱས་རུང་སྔར་བཞིན་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་དྲོད་ཀྱི་མེད། ཡང་ཚ་དང་བསྡུར་ཚེ་ངའི་བྱིས་དུས་ནི་སྐྱོ་སྣང་དང་དཀའ་སྡུག་ཁོ་ན་རེད”ཅེས་བཤད། 1959ལོའི་ཟླ་3ཚེས་28ཉིན། བགྲེས་སོང་བསོད་ནམས་དོན་གྲུབ་ཀྱི་ཁྱིམ་ལ་རང་ཉིད་ལ་བདག་པའི་ས་ཞིང་བགོས་པ་ནས་བཟུང་འཚོ་བ་ཇེ་ལེགས་སུ་ཕྱིན་ཡོད། དོན་སྙིང་ལྡན་པ་ཞིག་ནི་བགྲེས་སོང་བསོད་ནམས་དོན་གྲུབ་ཀྱི་ཡང་ཚ་དམིགས་བསལ་གྱི་ཉིན་དེར་སྐྱེས་པས་ཡང་ཚའི་མིང་ལ་ནམ་མཁའ་ཞེས་བཏགས།

“དུས་ཐུང་ལོ་60ཡི་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཡོད”བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས། དམངས་གཙོའི་བཅོས་སྒྱུར་ནི་བོད་གསར་རྙིང་གི“དབྱེ་མཚམས”ཡིན་པ་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ཡིན་པས་བོད་ལྗོངས་གདུག་རྩུབ་ནས་ཤེས་དཔལ་གྱི་ཕྱོགས་སུ་སྐྱོད་པ་དང་། སྲིད་དབང་སྒེར་འཛིན་ནས་དམངས་གཙོའི་ཕྱོགས་སུ་སྐྱོད་པ། རྗེས་ལུས་ནས་ཡར་ཐོན་ཕྱོགས་སུ་སྐྱོད་པ་བཅས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་དུ་བསྐྱོད་ཡོད་ཅེས་གསུངས་པ་རེད། ལོ་61གི་རིང་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་ལྡབ་206ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་ལོ་མང་བསྟུད་མར་གྲངས་གནས་གཉིས་འཕར་ནས་རྫོང་དང་ཆུས་དབུལ་པོ་55དབུལ་ཞྭ་ཕུད་པ། རྫོང་ཆུས་དབུལ་པོ་ལྷག་མ་19དབུལ་ཞྭ་འཕུད་པའི་ཚད་གཞིར་སླེབས་ནས་ལྗོངས་ཡོངས་གཞི་རྩའི་ཆར་དབུལ་པོ་དབུལ་རྐྱང་བསལ་ཐུབ་ཡོད།

ད་ཆའི་བོད་ལྗོངས་སྔར་བཞིན་གངས་རིས་བསྐོར་རུང་། མི་ཡུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། བརྗིད་ཆགས་མཛེས་སྡུག་ལྡན་པའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་བོད་ཀྱི“ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ”ཐེངས་61པར་རྟེན་འབྲེལ་ཞུ་ཆེད། མི་རྣམས་ཀྱིས་དགའ་ཚོར་ཆེན་པོས་རྒྱལ་དར་འོག་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་མཉམ་ཞུགས་དྲན་རྟེན་འདྲ་པར་བརྒྱབ་ཡོད། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཐུབ་བསྟན་ཚེ་འཕེལ་གྱིས“དེ་རིང་སེམས་འགུལ་ཚད་མེད་ཐེབས་པ་མ་ཟད། ཧ་ཅང་སྐྱིད་པོ་འདུག འདི་ནི་ང་ཚོ་ཡར་ལངས་ཞིང་བྲན་ཚོས་རྟེན་འབྲེལ་ཞུ་དགོས་ངེས་ཀྱི་ཉིན་མོ་ཞིག་རེད”ཅེས་བཤད།

(《འོད་ཟེར་ཉིན་རེའི་ཚགས་པར》2020ལོའི་ཟླ་3ཚེས་29ཉིན་གྱི་པར་ངོས་གཉིས་པ་ནས་དྲངས)

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)