《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月31日

ཕུགས་བསམ་དང་རེ་བ་མཉམ་དུ་གནས་པ།

—— བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་དང་པོའི་མཐོང་ཐོས།

དཔྱིད་དུས་ནི་འབྲོག་ཁུལ་དུ་ལུ་གུ་སྐྱེ་བསུ་དང་ཕྱུགས་ཕྲུག་གསོ་ཚགས་བྱེད་པའི་འགག་རྩའི་དུས་ཡིན། ལུ་གུ་རེ་རེ་སྐྱེ་རིམ་བཞིན་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སྤང་མེར་ཤང་གི་ལུ་གུ་གསོ་ཚགས་རྟེན་གཞིར་ཁོངས་མི་གསར་པ་བསྣན་ཡོད། ད་ལྟའི་དུས་ནི་བོད་ཀྱི་འབྲོག་ཁུལ་དུ་བྲེལ་འཚུབ་ཆེ་ཤོས་ཀྱི་དུས་སྐབས་ཡིན།

“ཤང་གི་ལག་རྩལ་མི་སྣའི་མཛུབ་ཁྲིད་འོག འདི་ལོ་ལུ་གུ་སྐྱེས་ཚད་ན་ནིང་ལས་ཧ་ཅང་མང་བ་ཡོད། ཤང་ཡོངས་ཀྱིས་རྩྭ་ར་བརྒྱུད་བཤུག་ཐོག་ནས‘ཀུང་སི་དང་། མཉམ་ལས་ཁང་། རྟེན་གཞི། འབྲོག་དུད་བཅས་ཟུང་འབྲེལ’གྱི་རྣམ་པ་སྤྱད་པས་རྟེན་གཞིའི་ལུ་གུ་ན་ནིང་གི་མགོ་གྲངས་640ནས་འདི་ལོའི་མགོ་གྲངས་910བར་མང་དུ་ཕྱིན་པ་དང་ང་ཚོའི་ཡོང་འབབ་ཀྱང་ལོ་རེ་བཞིན་མང་དུ་འགྲོ་བཞིན་འདུག”ཅེས་འབྲོག་པ་འཇམ་རྒྱལ་གྱིས་ལུག་ཚང་ནང་ལས་ཀ་བྱེད་ཞོར་དུ་དེ་ལྟར་བརྗོད་བྱུང་།

ད་ཆ་ནག་ཆུ་དང་། གཞིས་རྩེ། མངའ་རིས་སོགས་ཀྱིས་རང་ཡུལ་ལ་གཞིས་ཚུགས་པ་དང་སྒྱུར་བཅོས་གསར་གཏོད་བྱས་ཏེ་ཞིང་འབྲོག་པའི་ལས་ཞུགས་ཐབས་ལམ་ནུས་ཤུགས་ཡོད་རྒུས་རྒྱ་བསྐྱེད་བཏང་བ་དང་གྲོང་གསེབ་ཀྱི་ངལ་ནུས་ལྷག་མ་གཞན་སྒྱུར་བྱས་ནས་ཞིང་འབྲོག་པ་ཁག་གཅིག་ཐོན་ལས་བཟོ་པར་གྱུར་ཡོད།

བོད་ཀྱི་ཤིན་ཏུ་དབུལ་བའི་རྫོང་དབུལ་པོ་དང་མཐའ་མཇུག་ཏུ་དབུལ་ཞྭ་ཕུད་པའི་རྫོང་19ཡི་གྲས་ཤིག་ཡིན་པའི་སྒེར་རྩེ་རྫོང་གིས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་བསྡུ་སྒྲིལ་བྱས་ཏེ་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ་བྱས་ཡོད། རྡོ་དམར་གྲོང་ཚོའི་བྲག་རུ་ཚོགས་ཆུང་གིས་ཏང་ཡོན་གྱི་སྣེ་འཁྲིད་དེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མ་རྐང་ནང་ཞུགས་འདོད་ཀྱང་སྒོ་ཕྱུགས་མེད་པའི་དོན་དངོས་ལ་དམིགས་ཏེ་སྒོ་ཕྱུགས་ཡོད་པའི་ཏང་ཡོན་དུད་ཚང་དང་འབྱོར་ཕྱུག་དུད་ཚང་གིས་དུད་ཚང་དབུལ་པོར་སྒོ་ཕྱུགས་གཡར་བའམ་ཡང་ན་བསྟེར་རྒྱུའི་ཁྲིད་སྟོན་བྱས་ནས་མ་རྐང་ནང་ཞུགས་མི་ཐུབ་པའི་གནད་དོན་ཐག་གཅོད་བྱས་ཡོད། མཉམ་ལས་རྩ་འཛུགས་ལ་སྒོ་ཕྱུགས་1510ཡོད་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་8ཀྱི་སྒོ་ཕྱུགས་362ཡོད་པ་དང་ཏང་ཡོན་དུད་ཚང་5དང་འབྱོར་ཕྱུག་དུད་ཚང་མ་རྐང་ནང་ཞུགས་པ་1གི་སྒོ་ཕྱུགས་486ཡོད།

“‘དུད་སྦྲེལ་ཕྱུགས་འཚོ་བ’ནི་དབུལ་སྒྲོལ་འགག་སྒྲོལ་དང་འབྲོག་ཁུལ་སྒྱུར་བཅོས་ཐད་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱས་པ་ཞིག་ཡིན། དེས་ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་བཏང་བ་མ་ཟད། ད་དུང་ངལ་ནུས་བཅིངས་འགྲོལ་ཡང་བཏང་ཡོད”ཅེས་སྒེར་རྩེ་རྫོང་གི་རྫོང་དཔོན་ཀྲོའུ་ཆོན་གྱིས་བརྗོད་བྱུང་། ད་ཆ་ངལ་ནུས་ལྷག་མ་མང་པོ་ཕྱི་ཕྱོགས་སུ་གླ་པར་བསྐྱོད་ཡོད། དེའི་ནང་ནས་མངོན་གསལ་དོད་ཤོས་ཀྱི་ཕན་འབྲས་ནི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་ཧ་ཅང་མང་དུ་ཕྱིན་པ་དང་ན་ནིང་ཞིང་འབྲོག་པའི་གླ་ཆར་ཡང་ཚད་བརྒལ་གསར་པ་བྱུང་ཡོད།

“ལས་ཀ་བྱེད་ས་ཁྱིམ་དང་བར་ཐག་སྤྱི་ལེ་2ཙམ་ལས་མེད། ཟླ་རེར་གླ་ཆ་སྒོར་4000ཡོད། དེ་ཡང་དུས་ཐོག་ཏུ་རྒྱག་གི་འདུག་པས་གང་སར་གླ་པ་རྒྱུག་པར་འགྲོ་འདོད་མི་འདུག”ཅེས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་རྟ་ནག་མདའ་ཤང་གི་ཐོན་ལས་དབུལ་སྐྱོར་ཁེ་ལས་ཤིག་ཏུ་ལས་ཀ་བྱེད་བཞིན་པའི་ལོ་45སླེབས་པའི་བསོད་ནམས་ཀྱིས་བཤད་བྱུང་། ཁེ་ལས་དེས་ཤ་མོ་ཐུམ་གསོ་དང་། བཟའ་བྱའི་ཤ་མོ་ཐོན་སྐྱེད་དང་གསོ་སྤེལ། ཐོན་རྫས་ལས་སྣོན།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) བེད་མེད་ཤ་མོ་གཟན་ཆག་ཏུ་ལས་སྣོན། ལས་རིགས་རྩལ་ནུས་གསོ་སྦྱོང་སོགས་ཀྱི་རྣམ་གྲངས་གཉེར་སྐྱོང་བྱེད་ཀྱི་ཡོད། མིག་སྔ་ཉིན་རེར་ཤ་མོ་ཏུན་2ནས་3བར་ཐོན་སྐྱེད་བྱེད་ཀྱི་ཡོད། བཟོ་གྲྭར་ཤ་མོ་འདེབས་གསོ་ཁང་42མང་དུ་བཏང་རྗེས་སྔོན་དཔག་བྱས་ན་འདི་ལོ་ཐོན་འབོར་ན་ནིང་ལས་ལྡབ་གཅིག་མང་དུ་འགྲོ་བཟོ་ཡོད་པ་རེད།

ཁེ་ལས་ཀྱི་འགན་འཁུར་བ་ཀྲང་ཆི་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལྟ་ཁེ་ལས་དེར་བཟོ་པ་127ཡོད་པ་དང་། དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ68ཀྱི་ངལ་རྩོལ་ནུས་ཤུགས་བསྡུས་པ་དང་ཁོང་ཚོར་ཟླ་རེར་གླ་ཆ་སྒོར་3500ནས་སྒོར་6600བར་རིམ་པ་མང་པོ་ཡོད། འདི་ལོ་བཟོ་གྲྭ་དེས་ད་དུང་ལམ་སེང་བཟའ་ཆོག་པའི་བཟའ་བཅའི་རིགས་དང་ཁོར་ཡུག་ལ་མི་གནོད་པའི་འབུད་ཤིང་གི་ལས་སྒོ་གཏོད་རྩིས་ཡོད་པས་ལས་མི་སྤྱོད་ཚད་དེ་བཞིན་མང་དུ་འགྲོ་རྒྱུ་རེད།

ས་བབ་མཐོ་ཚད་སྨི་3000ཡན་ཟིན་པའི་བོད་ཀྱི་ཤར་ལྷོའི་རྒྱུད་དུ་ས་ཞིང་བརྒྱུད་བཤུག་བྱས་པ་ལས་མང་ཚོགས་ལ་ཐོན་ལས་ཀྱི་ཁེ་སྤོགས་རག་ཡོད་ཅིང་། ཚེ་རིང་བདེ་སྐྱིད་ཀྱིས་གསར་འགོད་པར། ས་ཞིང་བརྒྱུད་བཤུག་བྱས་རྗེས། ལོ་ལྟར་བོགས་དངུལ་སྒོར་ཁྲི་3རག་གི་འདུག ན་ནིང་ངས་ས་འདེད་འཕྲུལ་འཁོར་གཅིག་ཉོས་པ་ཡིན། བཟའ་ཟླ་བསྟན་འཛིན་ཉིན་ལས་གྲྭ་འཛུགས་སྐྲུན་བྱ་ཡུལ་དུ་གླ་པ་རྒྱུག་གི་ཡོད་པས། ལོར་ཡོང་འབབ་སྒོར་ཁྲི་7ལྷག་ཙམ་འདུག ང་རང་ཡང་རྟེན་གཞིའི་ཉེ་འགྲམ་དུ་གླ་པ་རྒྱུག་གི་ཡོད་པས་ལོར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་རག་གི་འདུག་ཅེས་བཤད་བྱུང་།

རྟེན་གཞི་དེས་ས་ཞིང་བརྒྱུད་བཤུག་བྱས་པ་བརྒྱུད། ཞིང་འཕྲུལ་དང་ཞིང་ལས་ལག་རྩལ་ཟུང་འབྲེལ་དང་ཆུ་ལུད་གཞི་གཅིག་ཅན་ལག་བསྟར་བྱས་པ་དང་། “ཤིང་འབྲས་དང་། རྩྭ་ཐང་། སྒོ་ཕྱུགས”བཅས་འཁོར་རྒྱུག་འདེབས་གསོ་བྱས་པ། རྒྱལ་ནང་གི་ཅུང་སྔོན་ཐོན་ཡིན་པའི་ཀུ་ཤུ་ཆུང་ཆུང་ལེགས་བསྡུས་ཞིབ་གཉེར་གྱི་འདེབས་གསོ་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་ཡོད། འདི་ལོ་རྟེན་གཞིའི་རྒྱ་ཁྱོན་ན་ནིང་གི་མུའུ་1100ནས་མུའུ་2300བར་ཆེ་རུ་གཏོང་རྒྱུ་ཡིན་པས་གསེར་ངོགས་གྲོང་ཚོ་སོགས་གྲོང་ཚོ7གྱི་དུད་ཚང་300ཙམ་འབབ་འཕར་ལ་སྐུལ་ཁྲིད་ཐུབ་རྒྱུ་རེད།

དུས་མཚུངས་སུ་བོད་ཀྱིས་ད་དུང་ཚན་རྩལ་བཀོལ་སྤྱོད་ལ་སྣང་ཆེན་གྱིས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད་ཅིང་། འདི་ལོ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང(གྲོང་རྡལ)བཅས་རིམ་པ་བཞིའི་ཞིང་འབྲོག་ཚན་རྩལ་མི་སྣ་2627སྒྲིག་འཛུགས་བྱས་ཏེ། འཐབ་ས་དང་པོར་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་གནད་དོན་དངོས་ཐག་གཅོད་བྱེད་རོགས་བྱས་ཡོད།

(ལྷ་དབང་དང་ཚེ་ལྷས་བསྒྱུར་ཅིང་ཞུས)