《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月26日

རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱེད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་24ཉིན་གནས་ཚུལ་འབྱོར་གསལ། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི《ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་བཅག་ནས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱས་ཏེ་དཔལ་འབྱོར་འཁོར་སྐྱོད་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུའི་སྐོར་གྱི་སྲིད་ཇུས་བྱེད་ཐབས་འགའ་ཞིག》(གཤམ་དུ《སྲིད་ཇུས་བྱེད་ཐབས》ཞེས་བསྡུ་རྒྱུ)གི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་པོ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དོན་འཁྱོལ་སྔར་བས་ཞིབ་ཕྲ་བྱས་ཏེ། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་གཏོང་བ་དང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་མུ་མཐུད་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས“བརྟན་པོ་དྲུག”གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དམ་པོར་དམིགས་ཏེ། བཟའ་བཏུང་ལས་རིགས་ཀྱི་སྒེར་གཉེར་ཚོང་དུད་ཀྱི་ཁྲལ་འབབ་དང་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་བ་དང་། དུས་མཚམས་རང་བཞིན་གྱི་སྒོ་ནས་ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་ཁག་གསུམ་ཆག་ཡང་དང་རྩ་ཆག་གཏོང་བ། དུས་མཚམས་རང་བཞིན་གྱི་སྒོ་ནས་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་དངུལ་ཉུང་བསྡུ་བྱེད་པ། ཁེ་ལས་ལ་རོགས་སྐྱོར་བྱས་ནས་ལས་གནས་བརྟན་པོ་ཡོང་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་བྱེད་མཁན་ལ་བྱ་དགའ་དང་ཁ་གསབ་སྤྲོད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་ཆེད་གསར་དུ་བཏོན་པའི་ཁྲལ་འབབ་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། ད་ཡོད་ཀྱི་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་གང་ལེགས་སྤྱོད་པ། འབྲེལ་ཡོད་དངུལ་རྩ་དང་དེ་བཞིན་ནོར་སྲིད་ཀྱི་སྐྱེད་གསབ་སྲིད་ཇུས་སོགས་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ཡག་པོ་བཅས་བྱས་ཏེ།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ནོར་སྲིད་ཀྱི་རྒྱབ་སྐྱོར་འོག་ཁེ་ལས་འཕེལ་རྒྱས་ཀྱི་གདེང་ཚོད་འཕེལ་བ་བྱས་པ་རེད།

དངུལ་རྩ་དང་ནོར་སྲིད་ཀྱི་སྐྱེད་གསབ་སྲིད་ཇུས་དོན་འཁྱོལ་བྱེད་རིང་། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ལྗོངས་ནང་ཁུལ་གྱི་ཕྲན་ཚེགས་ཁེ་ལས་དང་སྒེར་གཉེར་ཚོང་དུད་ལ་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བར་ལྕག་སྐུལ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཆུང་དུ་གཏོང་བ། ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་གང་མགྱོགས་ཡོང་བར་རྒྱབ་སྐྱོར་བཅས་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ལྗོངས་ནོར་སྲིད་ཐིང་གིས་2020ལོའི་རིམས་ནད་ཐོན་རིང་འགྲིམ་འགྲུལ་དང་། ཡུལ་སྐོར། བཟའ་བཏུང་། ཞག་སྡོད་བཅས་ལས་རིགས་བཞིའི་ཕྲན་ཚེགས་ཁེ་ལས་དང་སྒེར་གཉེར་ཚོང་དུད་ལ་རག་པའི་ཐོན་སྐྱེད་གཉེར་སྐྱོང་གི་དངུལ་བུན་ཚང་མར་སྐྱེད་གསབ་ཆ་ཚང་བྱེད་རྒྱུ་ཡིན་ཞིང་། སྐྱེད་གསབ་དངུལ་བུན་མཐོ་ཤོས་སྒོར་ཁྲི་100ཡིན་པ་དང་། སྐྱེད་གསབ་དུས་བཀག་ལོ་གཅིག་ལས་མི་བརྒལ་བ་བྱེད་རྒྱུ་རེད།

《སྲིད་ཇུས་བྱེད་ཐབས》ཀྱི་གཏན་འབེབས་གཞིར་བཟུང་། བཟའ་བཏུང་ལས་རིགས་ཀྱི་སྒེར་གཉེར་ཚོང་དུད་ལ་རྒྱབ་སྐྱོར་བྱ་ཆེད་ཁྲལ་འབབ་དང་ཁང་གླ་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་ཡིན་ཞིང་། རང་སྐྱོང་ལྗོངས་ཀྱི་གནས་ཐང་འཕར་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བར་ཆ་མཚོན་ན། ཁྲལ་བསྡུ་ཚད་3%ཡིན་པའི་ཁྲལ་འཇལ་བྲིན་ཚོང་ཡོང་འབབ་ལ། ཁྲལ་བསྡུ་ཚད་1%གཞིར་བཟུང་གནས་ཐང་འཕར་ཁྲལ་བསྡུ་རྒྱུ་དང་། དཔྱ་ཁྲལ་སྔོན་བསྡུ་བྱེད་ཚད་3%ཡིན་པའི་སྔོན་འཇལ་གནས་ཐང་འཕར་ཁྲལ་གྱི་རྣམ་གྲངས་ལ། དཔྱ་ཁྲལ་སྔོན་བསྡུ་བྱེད་ཚད་1%གཞིར་བཟུང་སྔོན་འཇལ་གནས་ཐང་འཕར་ཁྲལ་བསྡུ་རྒྱུ་རེད། རིམས་ནད་རིང་གནས་སྐབས་ལས་གཉེར་བྱེད་མཚམས་བཞག་པའི་སྡེབ་ཚོང་སིལ་ཚོང་དང་། ཞག་སྡོད་བཟའ་བཏུང་། ཟོག་འགྲེམས་སྐྱེལ་འདྲེན། རིག་གནས་ཡུལ་སྐོར་སོགས་ལས་རིགས་ཁེ་ལས་དང་ལས་འགོ་བསྐྱར་འཛུགས་ཡོངས་སུ་ཐུབ་མེད་པའི་ཕྲན་ཚེགས་ཁེ་ལས་ལ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཡིག་ཆའི་གཏན་འབེབས་གཞིར་བཟུང་། ཕྲན་ཚེགས་ཁེ་ལས་ཀྱི་ཀུན་ཕན་རང་བཞིན་གྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལོངས་སྤྱོད་བྱེད་ཆོག

ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་འཛུགས་ཀྱི་ཁེ་ལས་དང་ལས་བཟོ་དཀའ་གནད་ལས་སྒྲོལ་བར་སྔར་བས་རོགས་རམ་བྱ་ཆེད། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་རང་སྐྱོང་ལྗོངས་མི་སྤྱི་ཐིང་དང་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་དང་མཉམ་དུ《དུས་མཚམས་རང་བཞིན་གྱི་སྒོ་ནས་ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་དངུལ་ཆག་ཡང་དང་རྩ་ཆག་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བྱ་ཐབས》བཀྲམ་པ་རེད། ལག་བསྟར་བྱ་ཐབས་ནང་བསྟན་དོན། ཕྲན་ཚེགས་ཁེ་ལས་དང་ཁེ་ལས་འབྲིང་གྲས་ཀྱི་འགན་བཅོལ་ནང་ཞུགས་མཁན་ཚན་པའི(ཚན་པའི་རྣམ་པའི་ཐོག་ནས་འགན་བཅོལ་ནང་ཞུགས་པའི་སྒེར་གཉེར་ཚོང་དུད་ཚུད་པ)ཁེ་ལས་ཀྱི་ལས་བཟོའི་རྒན་གསོ་འགན་བཅོལ་དང་། ལས་ཤོར་འགན་བཅོལ། ལས་རྨས་འགན་བཅོལ(གཤམ་དུ་སྤྱི་ཚོགས་འགན་བཅོལ་ཁག་གསུམ་ཞེས་བསྡུ་རྒྱུ)བཅས་ཚན་པས་འཇལ་བའི་ཆ་ཤས་ཚང་མ་ཟླ་ལྔའི་རིང་བསྡུ་རྒྱུ་མིན་ཞིང་། དཔྱ་ཁྲལ་རྩ་ཆག་བཏང་བའི་དུས་བཅད་ནི་2020ལོའི་ཟླ་གཉིས་པ་ནས་དྲུག་པ་བར་ཡིན། ཁེ་ལས་ཆེ་གྲས་དང་། དམངས་གཉེར་ཁེ་ལས་མིན་པའི་ཚན་པ། སྤྱི་ཚོགས་ཚོགས་པ་སོགས་ཀྱི་འགན་བཅོལ་ནང་ཞུགས་མཁན་ཚན་པས་འཇལ་བའི་སྤྱི་ཚོགས་འགན་བཅོལ་ཁག་གསུམ་གྱི་ཆ་ཤས་ཕྱེད་ཀ་ལས་བསྡུ་རྒྱུ་མིན་ལ་ཟླ་བ་གསུམ་རིང་ཉུང་བསྡུ་བྱེད་རྒྱུ་ཡིན་ཞིང་། དཔྱ་ཁྲལ་ཆག་ཡང་བཏང་བའི་དུས་བཅད་ནི་2020ལོའི་ཟླ་གཉིས་པ་ནས་བཞི་པའི་བར་ཡིན།

རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་རང་སྐྱོང་ལྗོངས་སྨན་བཅོས་འགན་བཅོལ་ཅུས་དང་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་དང་མཉམ་དུ《<དུས་མཚམས་རང་བཞིན་གྱི་སྒོ་ནས་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་དངུལ་ཉུང་བསྡུ་བྱེད་རྒྱུའི་སྐོར་གྱི་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་དང་། ནོར་སྲིད་པུའུ། ཁྲལ་དོན་སྤྱི་ཁྱབ་ཅུས་བཅས་ཀྱི་མཛུབ་ཁྲིད་བསམ་འཆར>དོན་འཁྱོལ་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པ་དང་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་རིགས། ཚན་པས་འཇལ་བའི་སྨན་བཅོས་འགན་བཅོལ་གྱི་ཆ་ཤས་ཕྱེད་ཀ་ལས་མི་བསྡུ་བའི་གནས་སྐབས་རང་བཞིན་གྱི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཡིན་ཞིང་། ལག་བསྟར་གྱི་དུས་ཚོད་ནི་2020ལོའི་ཟླ་གཉིས་པ་ནས་དྲུག་པ་བར་ཡིན། ཚན་པས་འཇལ་བའི་ཆ་ཤས་ཉུང་བསྡུའི་དུས་བཀག་ནི་ཟླ་བ་ལྔ(གསབ་ཐེངས་གཅིག་ལ་འཇལ་བ་སོགས་ཟླ་རེ་གཞིར་བཟུང་འཇལ་རྒྱུ་མིན་པའི་ལས་སྒོར་སྤྱོད་མི་རུང)ཡིན་པ་རེད།

ཁེ་ལས་ལ་རོགས་སྐྱོར་བྱས་ནས་ལས་གནས་བརྟན་པོ་ཡོང་ཤུགས་ཆེ་རུ་བཏང་ཞིང་། 《སྲིད་ཇུས་བྱེད་ཐབས》ཀྱི་གཏན་འབེབས་གཞིར་བཟུང་། ཕྲན་ཚེགས་ཁེ་ལས་དང་ཁེ་ལས་འབྲིང་གྲས་ཀྱི་ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་སྲུང་གི་ཁ་གསབ་དངུལ་ཕྱིར་སློག་སྲིད་ཇུས་ཀྱི་མི་སྣ་ཉུང་འཕྲིའི་ཚད་གཞི་དེ་ལོ་འཁོར་གོང་མའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་བྱེད་ཚད་ལ་བརྟག་ཞིབ་བྱས་པའི་ཚོད་འཛིན་དམིགས་ཚད་ཀྱི་ཁྱབ་ཁོངས་བར་ལྷུག་ཏུ་གཏོང་རྒྱུ་དང་། འགན་བཅོལ་ནང་ཞུགས་པའི་ལས་བཟོ་30དང་དེ་མན་གྱི་ཁེ་ལས་ལ་ལས་མི་ཉུང་འཕྲི་བྱེད་ཚད་ཁེ་ལས་ཀྱི་ལས་བཟོའི་བསྡོམས་འབོར་གྱི་20%ལས་མི་བརྒལ་བའི་བར་ལྷུག་ཏུ་གཏོང་རྒྱུ། ཁེ་ལས་དང་ལས་བཟོའི་དབར་གླ་ཆ་ལེགས་སྒྲིག་དང་། ལས་རེས་དང་ངལ་གསོ་རེས་བྱེད་པ། ལས་ཡུན་ཐུང་དུ་གཏོང་བ། ལས་ཀ་སྒུག་ནས་སྡོད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ལས་གནས་བརྟན་པོ་ཡོང་རྒྱུར་ལྕག་སྐུལ་བྱ་ཆེད། ལས་མི་ཉུང་འཕྲི་མ་བྱས་པའམ་ཡང་ན་ལས་མི་ཉུང་འཕྲི་ཉུང་ཙམ་བྱེད་པའི་འགན་བཅོལ་ནང་ཞུགས་པའི་ཁེ་ལས་ལ། ལོ་འཁོར་གོང་མར་ཁེ་ལས་དེས་དངོས་སུ་འཇལ་བའི་ལས་ཤོར་འགན་བཅོལ་དངུལ་གྱི་60%ཕྱིར་སློག་བྱེད་ཆོག གནས་སྐབས་ཐོན་སྐྱེད་གཉེར་སྐྱོང་ལ་དཀའ་ངལ་ཡོད་རུང་། སླར་གསོར་རེ་བ་ཡོད་པའི་ཁེ་ལས་ལ་ཟླ་བ་དྲུག་རིང་རང་ལྗོངས་ཀྱི་ཟླ་རེའི་མི་རེའི་ཆ་སྙོམས་ལས་ཤོར་འགན་བཅོལ་དངུལ་དང་འགན་བཅོལ་ནང་ཞུགས་མཁན་ལས་བཟོའི་མི་འབོར་གཞིར་བཟུང་ཁ་གསབ་སྤྲོད་ཆོག རིམས་ནད་ཀྱི་རྐྱེན་པས་ལོགས་སུ་འཇོག་པ་དང་ལྟ་ཞིབ་སོགས་བྱེད་སྐབས། རྒྱུན་གཏན་ལྟར་ལས་ཀར་ཞུགས་མི་ཐུབ་པའི་ལས་བཟོར། ཁེ་ལས་ཀྱིས་གང་བྱུང་དུ་ངལ་རྩོལ་གན་རྒྱ་རྩིས་མེད་དུ་གཏོང་མི་རུང་ལ་མཚམས་འཇོག་ཀྱང་བྱས་མི་ཆོག

ལས་ཞུགས་བྱེད་མཁན་ལ་བྱ་དགའ་དང་ཁ་གསབ་སྤྲོད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། 《སྲིད་ཇུས་བྱེད་ཐབས》ནང་གཏན་འབེབས་བྱས་དོན། ཁེ་ལས་འབྲིང་ཆུང་གིས་ལས་ཤོར་ཐོ་འགོད་བྱས་ནས་ལོ་ཕྱེད་ཡན་སོང་བའི་མི་སྣ་དང་དེ་བཞིན་ས་གནས་དེ་གའི་ཞིང་འབྲོག་པ་ལས་མི་ལས་ཀར་བཅུག་པ་དང་འབྲེལ་ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པ་དང་། དེ་བཞིན་གཏན་འབེབས་བཞིན་སྤྱི་ཚོགས་འགན་བཅོལ་དངུལ་འཇལ་རིགས་ལ། མི་རེར་སྤྲོད་ཐེངས་གཅིག་ལ་ལས་ཞུགས་ཀྱི་ཁ་གསབ་སྒོར་1000སྤྲོད་རྒྱུ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་འཕྲལ་མཁོ་ཆེ་བའི་དངོས་ཟོག་མཁོ་འདོན་འགན་ལེན་བྱེད་མཁན་ཐོན་སྐྱེད་ཁེ་ལས་དང་། དམངས་འཚོ་འགན་ལེན་གྱི་ཚོང་དོན་ཟོག་འགྲེམས་ཁེ་ལས་ལ་ཆ་རྐྱེན་དང་མཐུན་ན་སྤྲོད་ཐེངས་གཅིག་གི་ལས་ཞུགས་བརྟན་པོ་བྱས་པའི་བྱ་དགའ་དང་ཁ་གསབ་སྤྲོད་རྒྱུ་དང་། བྱ་དགའ་དང་ཁ་གསབ་ཀྱི་ཚད་གཞི་རང་ལྗོངས་ཀྱི་དཀའ་ངལ་ཡོད་པའི་ཁེ་ལས་ཀྱི་ལས་ཤོར་འགན་བཅོལ་དངུལ་ཕྱིར་སློག་གི་ཚད་གཞི་གཞིར་བཟུང་བརྩི་རྒྱུ་སྟེ། ཟླ་བ་དྲུག་རིང་གི་ས་གནས་དེ་གའི་ཟླ་རེའི་མི་རེའི་ཆ་སྙོམས་ལས་ཤོར་འགན་བཅོལ་དངུལ་དང་འགན་བཅོལ་ནང་ཞུགས་པའི་ལས་བཟོའི་མི་འབོར་ལ་གཞིགས་ནས་གཏན་འཁེལ་བྱེད་རྒྱུ་རེད།

(རིག་འཛིན་རྡོ་རྗེས་བསྒྱུར། རིག་རྡོར་དང་སྒྲོན་ལགས་ཀྱིས་ཞུས)