《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月26日

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་24ཉིན་གནས་ཚུལ་འབྱོར་གསལ། ཚེས་24ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ན་་ཐེངས་དྲུག་པའི་ཐོག་ཤེས་རྟོགས་ང་བ་གནད་དོན་གྱི་རང་བཤེར་དག་ཐེར་དང་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཁ་གསབ་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་བྱས་ཡོད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་བླང་བྱ་གཞིར་བཟུང་ལས་ཀའི་ཆེད་དམིགས་ཚན་པ་བཙུགས་ཏེ་རང་འགན་གཙང་སྒྲུབ་ཏན་ཏིག་བྱས་ནས་གཞི་རྩའི་ས་ཞིང་དང་འབྲོག་ཁུལ་གྱི་རྩྭ་ར་གཙོ་བོར་བྱས་ཏེ་ཆེད་དོན་གྲལ་བཤེར་གཙོ་གནད་ཐོག་བྱེད་དགོས་པ་དང་། གནས་ཚུལ་ཧྲིལ་པོ་གསལ་པོ་ཤེས་པ་དང་ཁྲིམས་བཞིན་དོ་དམ་བྱས་ནས་ཁྲིམས་བཞིན་ས་ཆ་སྤྱོད་པ་དང་། ཁྲིམས་བཞིན་ས་ཆ་དོ་དམ་གྱི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ཐོག རྨོ་ཞིང་གང་བྱུང་དུ་བཟུང་སྟེ་ཁང་པ་རྒྱག་པ་སོགས་ཀྱི་གནད་དོན་ཕྱོགས་ཡོངས་ནས་གཙང་སེལ་དང་བཅོས་སྒྲིག་བྱས་ཏེ་རྨོ་ཞིང་གི་སྲུང་སྐྱོང་དམར་ཐིག་བརྟན་པོ་སྲུང་དགོས།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་པོ་ཐེངས་དྲུག་པའི་ཚུར་ལན་གནད་དོན་དང་བསྡུར་ནས་དག་ཐེར་བྱེད་པའི་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལྟ་བསྡུར་ཞིབ་བཤེར་དང་། གཅིག་ཤེས་ཀུན་གྲོལ་སྒོ་ནས་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་པ་དང་། གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ། “རྣམ་པ་ཙམ”སྟོན་པ་དང་ཕྱི་ཚུལ་རིང་ལུགས་སྤངས་ནས་དག་ཐེར་བྱེད་པ། བསྒྲུབ་རྒྱུར་ལྟ་སྐུལ་དང་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་རྩིས་ཐོ་བཟོ་བ་དང་། གོ་རིམ་ཧྲིལ་པོར་རྗེས་སྙེགས་བྱེད་པ། བསྒྲུབས་རྗེས་ཐོ་བསུབ་པ་བཅས་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་རང་ལྗོངས་སུ་དམིགས་སར་དོན་འཁྱོལ་ཡོང་བར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་དགོས།

ཚོགས་འདུའི་ཐོག རང་ལྗོངས་ཀྱི་ཚན་རྩལ་ཁྱབ་ཁོངས་ཀྱི་རང་སྐྱོང་ལྗོངས་དང་ས་ཁུལ་དང་གྲོང་ཁྱེར་གྱི་ནོར་སྲིད་འགན་དབང་དང་གཏོང་སྤྲོད་འགན་འཁྲི་དབྱེ་བའི་སྒྱུར་བཅོས་ཇུས་གཞིར་ཞིབ་འཇུག་བྱས་ཏེ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། སྲིད་གཞུང་གིས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་དང་ཁྲོམ་རའི་ཕྱོགས་སྟོན་ལ་ཤུགས་སྣོན་རྒྱག་པ། ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་ལ་བརྟེན་ནས་ནོར་སྲིད་དང་ཚན་རྩལ་གྱི་གཏོང་ཆ་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་དགོས་པ་དང་། ཁེ་ལས་དང་སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་དེའི་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐོང་འཐེན་གང་ལེགས་བྱས་ཏེ། ཁེ་ལས་དང་སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཚན་རྩལ་ཐད་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་དང་། གང་གསུང་དེ་སྒྲུབ་མཐའ་འཁྱོངས། སྒྲིག་འགལ་གྱི་བུན་གཡར་མ་རྩ་མཉམ་བསྡུའི་ལྟག་སྒོ་ནན་པོ་འགོག་པ་བཅས་བྱེད་པ་དང་། ཀྲུང་དབྱང་གིས་བོད་ལ་འཛིན་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་གང་ལེགས་སྤྱད་དེ། ཚད་ལྡན་མ་རྩ་མཉམ་བསྡུའི་མདུན་སྒོ་ཤར་གཏོང་ཡག་པོ་བྱེད་པ་དང་། དོ་དམ་ནན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མངོན་མེད་བུ་ལོན་གྱི་འབོར་ཚད་རིམ་བཞིན་སེལ་བ་དང་མང་དུ་འགྲོ་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་བདེ་འཇགས་ངང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག་བསྟན་དོན། གྲོང་གསེབ་ཀྱི་འགྲུལ་སྐྱེལ་སྤྱི་པའི་ནོར་སྲིད་ཁ་གསབ་ལམ་སྲོལ་འཛུགས་རྒྱུ་ནི། གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། “ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”གཉེར་སྐྱོང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཤིག་རེད། ཁ་གསབ་སྙོམས་སྒྲིག་བརྒྱུད། འབྲེལ་ཡོད་བྱེད་པོས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་འཕེལ་རྒྱས་གཏོང་བའི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་ནས་ཞིང་འབྲོག་མང་ཚོགས་བདེ་འཇགས་དང་། སྟབས་བདེ། བདལ་གླ་དམའ་བ་བཅས་ཀྱི་སྒོ་ནས་འགྲོ་འོང་ཐུབ་པའི་འགན་ལེན་བྱེད་དགོས། གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་དང་། རྫོང་དང་། ཤང(གྲོང་རྡལ) འགྲུལ་སྐྱེལ་ས་ཚིགས་བཅས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཟོག་འདྲེན་དང་གྲོང་གསེབ་ཀྱི་སྦྲག་ལས་གཞི་གཅིག་ཅན་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བར་རོགས་རམ་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མཐུན་སྦྱོར་དང་མ་དངུལ་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་རྒྱུར་དམ་འཛིན་ནན་པོ་དང་། ཏན་ཏིག ཚགས་ཚུད་བཅས་བྱས་ཏེ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། དངུལ་རྩའི་ཁྲལ་བསྡུ་སོགས་ཀྱི་སྲིད་ཇུས་དང་ལྷག་པར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱས་ནས། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་བྱ་ཐབས་རབ་དང་རིམ་པ་སྔར་བས་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། འབྲོག་ལས་ཐོན་ལས་སོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་ནན་དུ་གཏོང་བ། དུས་བཀག་ལྟར་ཞིབ་འཇུག་དབྱེ་ཞིབ་བྱེད་པ་བཅས་བྱས་ནས་གཙོ་གནད་རྣམ་གྲངས་སྤུས་འབོར་གཉིས་ལྡན་ངང་དུས་བཀག་ལྟར་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱས་ཏེ་ལོ་འཁོར་མོའི་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

(བསོད་ནམས་དཔའ་མོས་བསྒྱུར། བདེ་སྒྲོལ་གྱིས་ཞུས)