《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月26日

རླབས་ཆེན་གྱི་འཕོ་འགྱུར། མི་དམངས་ཀྱི་བཅིངས་འགྲོལ།

—— བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་61འཁོར་བར་དྲན་གསོ་ཞུ་བའི་དཔྱད་གཏམ་གསུམ་པ།

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

ལོ་61གོང་གི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་འཆིང་རྒྱ་རྦད་དེ་གཏོར་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཆབ་སྲིད་ཀྱི་དབང་ཆ་ཐེངས་དང་པོ་ཐོབ་སྟེ། རྒྱལ་ཁབ་ཀྱི་བདག་པོ་དང་བོད་ཀྱི་བདག་པོར་གྱུར་པ་དང་། ཐོན་སྐྱེད་རྒྱུ་ཆ་ཐེངས་དང་པོ་རང་བདག་བྱུང་ནས་ས་ཞིང་གི་བདག་པོ་དང་རང་ཉིད་ཀྱི་ངལ་རྩོལ་འབྲས་བུའི་བདག་པོར་གྱུར་པ། འདྲ་མཉམ་ངང་སློབ་གསོ་མྱོང་བ་དང་རིག་གནས་ཤེས་བྱ་སྦྱོང་བའི་དབང་ཆ་ཐེངས་དང་པོ་ཐོབ་ནས་རང་ཉིད་ཀྱི་བསམ་པའི་འཚོ་བའི་བདག་པོར་གྱུར་ཡོད།

དམངས་གཙོའི་བཅོས་སྒྱུར་ནི་བོད་ཀྱི་མི་དམངས་ལ་ཆབ་སྲིད་ཐད་ཕྱོགས་ཡོངས་ནས་བཅིངས་འགྲོལ་ཐོབ་པའི་རླབས་ཆེན་གྱི་འཕོ་འགྱུར་ཞིག་རེད། བོད་རྙིང་པར་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་རྩ་འཛུགས་ཀྱི་རྣམ་པ་ནི་ལྷ་དབང་ཆབ་སྲིད་ཀྱི་དཔེ་མཚོན་འཐུས་ཚབ་ཅིག་ཡིན་པ་དང་། ས་གནས་སྲིད་གཞུང་རྦད་དེ་སྡེ་པ་གཞུང་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་གྲྭ་བཙུན་བཅས་ཀྱིས་བཟུང་བས་བོད་ཀྱི་མི་འབོར་གྱི་95%ཡན་ཟིན་པའི་ཞིང་བྲན་གྲལ་རིམ་ལ་ཆབ་སྲིད་ཀྱི་དབང་ཆ་གང་ཡང་མེད། མངའ་བདག་ཆེན་པོ་གསུམ་གྱིས་གདུག་རྩུབ་དང་ཡ་ང་སྙིང་རྗེ་མེད་པའི་དབང་སྒྱུར་ལ་བརྟེན་ནས་ཞིང་བྲན་གསོད་གསོན་འཕྲོག་སྟེར་གྱི་དབང་ཆ་ཆེན་པོ་བཟུང་བས། ཞིང་བྲན་རྣམས་དུས་ནམ་ཡང་ཁོངས་གཏོགས་མངའ་བདག་གི་གཞིས་ཀའི་ནང་བྲན་གཡོག་རྒྱུགས་ནས་ཚེ་གང་བྲན་གཡོག་དང་། མི་རབས་ནས་མི་རབས་བར་བྲན་གཡོག་བྱེད་རྒྱུ་ལས་ཐབས་གཞན་མེད། དམངས་གཙོའི་བཅོས་སྒྱུར་བྱས་པ་དེས་དེ་སྔའི་བོད་ས་གནས་སྲིད་གཞུང་ཁ་ཐོར་དུ་བཏང་བ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཆོས་སྲིད་ཟུང་འབྲེལ་གྱི་དབང་སྒྱུར་གྲལ་རིམ་གྱི་ཆབ་སྲིད་ཀྱི་དམིགས་བསལ་དབང་ཆ་མཐའ་དག་མེད་པར་བཟོས་ཏེ། ཞིང་བྲན་ཁྲི་ཚོ་བརྒྱ་ཡིས་ཐེངས་དང་པོ་བདག་པོའི་རྣམ་འགྱུར་གྱི་ཐོག་ནས་བོད་ཀྱི་ཆབ་སྲིད་ཀྱི་གར་སྟེགས་ཐོག་འཛེགས་ཡོད། དུས་དེ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་གནང་ནས་རང་ཁྱིམ་རང་བདག་གི་ལམ་བུའི་ཐོག་བསྐྱོད་པ་དང་རིམ་ཁག་མི་དམངས་སྲིད་དབང་རིམ་གྱིས་བཙུགས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་། ཆབ་སྲིད་གྲོས་མོལ་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་ལག་བསྟར་བྱས་པ་བརྒྱུད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མི་དམངས་དམངས་གཙོའི་ཆབ་སྲིད་ཀྱི་དབང་ཆ་ལོངས་སུ་གང་ལེགས་སྤྱོད་ཐུབ་པ་བྱུང་ཡོད། མིག་སྔར། བོད་ལ་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲི་3.5ཡོད་པའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་92.18%བཟུང་བ་དང་། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་པས་ལྗོངས་ཡོངས་ཀྱི་ལས་བྱེད་པའི་བསྡོམས་འབོར་གྱི་70%བཟུང་ཡོད། རིམ་ཁག་སྲིད་གྲོས་ཨུ་ཡོན་གྱིས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ཁྲིམས་བཞིན་བསྒྲུབས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་རང་སྐྱོང་དབང་ཆ་གང་ལེགས་སྤྱོད་བཞིན་ཡོད། 1965ལོ་ཚུན་དུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་དང་གཏན་འབེབས་ཁག་300ལྷག་ཙམ་བཟོས་ནས་ཆོག་མཆན་སྤྲད་པ་དང་། སྤྱི་དམངས་ཆབ་སྲིད་ནང་ཞུགས་ཁྱོན་གོ་རིམ་ལྡན་པའི་ངང་ཆེ་རུ་བཏང་བས། མི་རིགས་ཁག་གི་མི་དམངས་ལ་ཁྲིམས་བཞིན་རྒྱ་ཁྱབ་ཀྱི་དབང་ཆ་དང་རང་དབང་ལོངས་སྤྱོད་ཐུབ་པ་དང་རྒྱལ་ཁབ་ཀྱི་ལས་དོན་དང་ས་གནས་ཀྱི་ལས་དོན་ལ་ཁྲིམས་བཞིན་དོ་དམ་ཐུབ་པའི་འགན་ལེན་གང་ལེགས་བྱས་ཡོད།

དམངས་གཙོའི་བཅོས་སྒྱུར་ནི་བོད་མི་དམངས་འཚོ་གནས་དང་འཕེལ་རྒྱས་ཐད་ཕྱོགས་ཡོངས་ནས་བཅིངས་འགྲོལ་ཐོབ་པའི་རླབས་ཆེན་གྱི་འཕོ་འགྱུར་ཞིག་རེད། 1959ལོའི་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། བོད་ལ་ས་ཞིང་སོན་ཁལ་ཁྲི་330(སོན་ཁལ་རེར་མུའུ་1ཙམ་ཟིན་པ)ཡོད་པའི་ནང་། སྡེ་པ་གཞུང་དང་། དགོན་སྡེ། མཐོ་རིམ་གྲྭ་བཙུན་བཅས་ཀྱིས་བཟུང་ཚད་99.7%ཟིན་པས། རྒྱ་ཆེའི་ཞིང་བྲན་རྣམས་ལ་ཐོན་སྐྱེད་རྒྱུ་ཆ་ཧ་ལམ་མེད། བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱིས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་ཚོད་འཛིན་ཚབས་ཆེན་བཟོས་པས། ཞིང་ལས་དེ་སྔར་བཞིན་རགས་ལས་རྨོ་འདེབས་དང་ཐ་ན“བསྲེགས་རྨོད་གྲིས་འདེབས”ཀྱི་གདོད་མའི་དུས་རབས་སུ་འཕེལ་མེད་རང་སོར་གནས་པ་དང་། ཧ་ལམ་དེང་རབས་ཀྱི་དོན་སྙིང་ལྡན་པའི་བཟོ་ལས་གང་ཡང་མེད་པ་དང་ཞིང་བྲན་ལ་ཆེས་མཐའ་མའི་ཟས་གོས་འགྲོ་སྡོད་ཀྱི་ཆ་རྐྱེན་ཡང་མེད་པས་འཆི་གསོན་གྱི་མཐའ་ལ་ལུས་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་པ་དེས་ཐོན་སྐྱེད་རྒྱུ་ཆ་ཞིང་བྲན་བདག་པོར་དབང་བའི་ལམ་ལུགས་རྦད་དེ་མེད་པར་བཟོས་ནས་ཞིང་བྲན་ཁྲི་ཚོ་བརྒྱར་རང་ཉིད་ལ་བདག་པའི་ས་ཞིང་དང་ཐོན་སྐྱེད་རྒྱུ་ཆ་ཐེངས་དང་པོ་བྱུང་བས་མི་དམངས་མང་ཚོགས་ཀྱི་ངལ་རྩོལ་གྱི་ཧུར་སེམས་དང་གསར་གཏོད་ཀྱི་སྤྲོ་སེམས་སྔར་ན་མེད་པར་འཕེལ་ཡོད། དུས་དེ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་གནང་ནས། བདེ་སྐྱིད་ཁམས་བདེའི་འགྲོ་ལམ་ཐོག་སྐྱོད་དེ། དཔལ་འབྱོར་སྤྱི་ཚོགས་དང་། སློབ་གསོ་སྨན་བཅོས། ཚན་རྩལ་འཕྲོད་བསྟེན་སོགས་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ད་ཆའི་བོད་དུ“མེ་འཁོར་ལ་བསྡད་ནས་ལྷ་སར་སྐྱོད་པ”དེ་སྔ་ས་ནས་དོན་དངོས་སུ་གྱུར་པ་དང་། “མཁའ་དབྱིངས་གསེར་ཟམ”གྱི་གནམ་གྲུ་ཀྲུང་གོའི་ས་ཁོངས་ཕྱི་ནང་དུ་ཤར་གཏོང་ཐུབ་པ། མྱུར་བགྲོད་གཞུང་ལམ་རི་ཀླུང་བརྒལ་ནས་བསྐྲུན་པ། གློག་ཤུགས་མཁའ་ལམ་ལ་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོ་ཁྲ་ཆིལ་ལེར་གྱུར་པ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཀྱང“ཡོད་མེད”ནས“ཡག་པོ་ཡོད་མེད”བར་ལ་འགྱུར་ལྡོག་བྱུང་ཡོད། དྲ་ཐོག་ནས་དངོས་ཟོག་ཉོ་བ་དང་། སྒུལ་བདེའི་ཁ་པར་ནས་དངུལ་གཏོང་སྤྲོད་བྱེད་པ་དེ་ཡང་དར་སྲོལ་གསར་པ་ཞིག་ཏུ་གྱུར་པ་དང་། འཇིབ་ཆུང་དང་རིག་ནུས་ཁྱིམ་སྤྱོད་གློག་ཆས་ཀྱང་མི་སེར་དཀྱུས་མའི་ཁྱིམ་དུ་སྤྱོད་འགོ་ཚུགས་ཡོད། མི་རིགས་ཁག་གི་མི་དམངས་བདེ་སྡོད་ལས་བརྩོན་དང་། འཚོ་བ་བདེ་སྐྱིད་ལྡན་པ་བྱུང་ནས། ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང། སྔོན་དཔག་ལྟར་ན། ན་ནིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10%དང་13%སོ་སོར་འཕར་ནས་མུ་མཐུད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་ཉེར་ཡོད་པ་དང་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆ་ནས་བསལ་ཡོད། 98.1%ཟིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཐབས་ལམ་སྣ་ཚོགས་བརྒྱུད་ལས་ཞུགས་ཐུབ་པ་དང་། དེང་རབས་སློབ་གསོས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་པ། སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་ཐེངས་དང་པོ་ཐུབ་པ། འཕྲོད་བསྟེན་བདེ་ཐང་བྱ་གཞག་སྔར་བས་འཕེལ་རྒྱས་ཕྱིན་པ། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་70.6བར་མཐོ་རུ་ཕྱིན་པ་བཅས་བྱུང་ཡོད།

དམངས་གཙོའི་བཅོས་སྒྱུར་ནི་བོད་མི་དམངས་ཀྱི་བསམ་བློར་ཕྱོགས་ཡོངས་ནས་བཅིངས་འགྲོལ་ཐོབ་པའི་རླབས་ཆེན་གྱི་འཕོ་འགྱུར་ཞིག་རེད། བོད་རྙིང་པར་མངའ་བདག་ཆེན་པོ་གསུམ་གྱིས་ཆོས་ལུགས་སྤྱད་དེ་སྤྱི་ཚོགས་ལ་བསམ་པའི་ཚོད་འཛིན་ནན་པོ་བྱེད་ཅིང་། ཕྱོགས་གཅིག་ནས“བདེ་བ་ཅན་གྱི་ཞིང་ཁམས”དང“ཚེ་ཕྱི་མའི་བདེ་སྐྱིད”འུད་སྒྲོག་བྱས་ཏེ་ཞིང་བྲན་གྲལ་རིམ་རྨོངས་སུ་བཅུག་ནས་བྲན་གཡོག་གི་ལས་དབང་ལ་བློ་ཡིད་ཚིམ་ནས་སྡོད་དུ་འཇུག་གི་ཡོད། ཕྱོགས་གཞན་ཞིག་ནས་བསམ་པའི་རིག་གནས་འཚོ་བར་སྒེར་སྡེམ་བྱས་ཏེ་ཞིང་བྲན་བདག་པོའི་ཁེ་ཕན་དང་ལྟ་བ་དང་རྒྱབ་འགལ་ཡིན་པའི་བསམ་བློ་དང་རིག་གནས་མཐའ་དག་ལུགས་འགལ་ལོག་བཤད་ལ་བརྩི་གི་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད། ཆོས་སྲིད་ལོགས་དབྱེ་རྦད་དེ་ཐུབ་ནས་ཞིང་བྲན་བདག་པོའི་གྲལ་རིམ་གྱི་འདུ་ཤེས་འཛིན་སྟངས་ཐལ་བའི་རྡུལ་དུ་བསློགས་པ་དང་། བོད་རྙིང་པའི་རིག་གནས་སྒེར་གཅོད་ལམ་ལུགས་ཀྱི་འཆིང་རྒྱ་གཏོར་ནས་མི་དམངས་མང་ཚོགས་ཆོས་ལུགས་ལྷ་དབང་དབང་སྒྱུར་གྱི་ལྕགས་སྒྲོག་ལས་ཐར་ཡོད། དུས་དེ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་གནང་ནས། རིག་གནས་དར་རྒྱས་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་དེ། བོད་ལྗོངས་གསར་པར་སྔར་བྱུང་མ་མྱོང་བའི་གསོན་ཤུགས་དང་སྐྱེ་སྟོབས་འཕེལ་ཡོད། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཐུབ་ནས“སྒོར་གཞས”དང“བྲོ”གྲོང་ཁྱེར་དང་གྲོང་གསེབ་གང་སར་དར་ཁྱབ་བྱུང་བ་དང་། འཛམ་གླིང་རིག་གནས་ཤུལ་བཞག་ཡིན་པའི་གླིང་སྒྲུང་དང་ལྷ་མོ་སོགས་བཀྲག་མདངས་རབ་ཏུ་འཚེར་བ། བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་རྒྱ་ཁྱབ་ཐུབ་ནས་རྒྱལ་སྤྱིའི་ཚད་གཞི་ལོན་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཡི་གེ་ཐོག་མར་གྱུར་པ། རིག་གནས་འཚོ་བ་ཉིན་རེ་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས《འུན་ཤིང་ཀོང་ཇོ》དང《བདེ་སྐྱིད་ལྡན་པའི་ལམ་བུ》སོགས་མངོན་གསལ་དོད་པའི་མིང་བྱང་ལ་གྱུར་པ། ཆོས་དད་རང་མོས་ལ་འགན་ལེན་གང་ལེགས་ཐུབ་ནས་ཆོས་ལུགས་སྣ་ཚོགས་དང་གྲུབ་མཐའ་ཁག་ཚང་མར་འདྲ་མཉམ་ངང་བརྩི་འཇོག་དང་སྲུང་སྐྱོང་ཐུབ་པ། ཏང་གིས་བོད་མི་དམངས་ལ་འགོ་ཁྲིད་གནང་ནས་གསར་གཏོད་བྱས་པའི་གསར་བརྗེའི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འདི་ཉིད་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་གིས་དཔའ་མཛངས་རྟུལ་ཕོད་ངང་དུས་རབས་གསར་པར་སྐྱོད་པ་དང་ལེའུ་གསར་པ་རྩོམ་པའི་བསམ་པའི་སྒུལ་ཤུགས་ཆེན་པོར་གྱུར་ཡོད།

དམངས་གཙོའི་བཅོས་སྒྱུར་བྱས་མེད་ན། བོད་ཀྱི་རྒྱ་ཆེའི་ངལ་རྩོལ་མི་དམངས་ལ་ཕྱོགས་ཡོངས་ནས་བཅིངས་འགྲོལ་ཡོང་མི་སྲིད་པ་དང་། ཀྲུང་གོ་གུང་ཁྲན་ཏང་མེད་ན། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཡོང་མི་སྲིད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་མེད་ན། དེང་དུས་བོད་ལྗོངས་ཀྱི་དར་རྒྱས་ཞི་མཐུན་གྱི་རྣམ་པ་གསར་པ་ཡོང་མི་སྲིད་པ་བཅས་དུས་རབས་ཕྱེད་ཀ་ལྷག་ཙམ་རིང་གི་བོད་ཀྱི་དེང་རབས་ལོ་རྒྱུས་ལས་ར་འཕྲོད་ཐུབ་ཡོད། དུས་ཐུང་ལོ་ངོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་རླབས་ཆེན་གྱི་འཕོ་འགྱུར་བརྒྱུད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སེམས་གཏིང་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་འདིར་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོབ་བཅས་མཐའ་གཅིག་ཏུ་བྱེད་པ་དང་། དམངས་སེམས་གཅིག་མཐུན་དང་ཀུན་སེམས་གཅིག་སྒྲིལ་བྱེད་པ། འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་ཡར་བརྩོན་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་འགྲུབ་པའི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་འབད་འཐབ་ཧུར་ཐག་བྱེད་བཞིན་ཡོད།

(པ་ཚེ་དང་དཀོན་སྒྲོལ་གྱིས་སྒྱུར་ཞུས་བྱས)