《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月25日

བརྗིད་ཉམས་ཀྱི་ལོ་རྒྱུས་ལམ་ཚད། རླབས་ཆེན་གྱི་གྲུབ་འབྲས་ཆེ་མོ།

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

རླབས་ཆེན་གྱི་འཕོ་འགྱུར་དང་། འོད་སྟོང་འབར་བའི་གྲུབ་འབྲས་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད། ལོ་61གི་གོང་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་དམངས་གཙོའི་བཅོས་སྒྱུར་གྱིས་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པ་བཟོས་ཏེ་ཞིང་བྲན་དང་བྲན་གཡོག་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པ་དང་ཁོང་ཚོར་འཚོ་བ་གསར་པ་སྐྱེལ་རྒྱུ་བྱུང་ནས་བོད་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱས་ཏེ་རྒྱང་སྐྱོད་གསར་པ་བྱེད་འགོ་ཚུགས། ལོ་61རིང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ལྟ་རེས་སྐྱོང་རེས་དང་དྲིན་ཚོར་གྱི་སྒོ་ནས་དཔའ་མཛངས་རྟུལ་ཕོད་ངང་མདུན་དུ་བསྐྱོད་དེ་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་བཞིན་གོང་དུ་འཕེལ་བ་དང་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་བཏང་བས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་སྟེ་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་གི་ཡང་རྩེར་འགྱིང་ངེར་གནས་ཡོད།

དམངས་གཙོའི་བཅོས་སྒྱུར་བྱས་པ་ལས་བོད་འདི་ཉིད་དར་རྒྱས་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་ཡོད། ལམ་བུ་དེའི་ཐོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་སྟངས་འཛིན་ནན་པོ་བྱས་ནས་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་གོང་འཕེལ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) བོད་རྙིང་པའི་དཔལ་འབྱོར་དུས་ཡུན་རིང་པོ་འཕེལ་མེད་སོར་གནས་ཏེ་1959ལོར་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.74ལས་ཟིན་གྱི་མེད། ཞིང་ལས་ཐོན་སྐྱེད་ཐད་སྔར་བཞིན“རྨོན་མཛོ་དོར་སྦྲེལ”གྱི་རྨོ་འདེབས་བྱ་ཐབས་སྤྱད་ནས་འབྲུ་རིགས་ཐོན་འབབ་ས་བོན་གྱི་ལྡབ་བཞི་ནས་ལྔ་བར་ལས་ཟིན་གྱི་མེད་པ་དང་། འབྲོག་ལས་ཐོན་སྐྱེད“གནམ་ཆུ་སྒུག་ནས”སྡོད་པ། དེང་རབས་བཟོ་ལས་ཧ་ལམ་སྟོང་ཆར་ལུས་པ། གཞུང་ལམ་གཅིག་ཀྱང་མེད་པ། དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་དང་སྨན་ཁང་གཅིག་ཀྱང་མེད། སྤྱི་ཚོགས་ཀྱི་ལས་རིགས་སྣ་ཚོགས་ཉམས་དམས་སུ་གྱུར་ནས་དམངས་འཚོ་དཀའ་གནས་སུ་གྱར་ཡོད། དམངས་གཙོའི་བཅོས་སྒྱུར་བྱེད་རིང་ཞིང་བྲན་བདག་པོའི་གྲལ་རིམ་གྱིས་ཐོན་སྐྱེད་རྒྱུ་ཆ་སྒེར་སྡེམ་དང་ངལ་རྩོལ་གྱི་འབྲས་བུ་ཕལ་ཆེ་བ་བཟུང་བའི་དཔལ་འབྱོར་གྱི་ལམ་ལུགས་མེད་པ་བཟོས་པ་དང་། ཞིང་བྲན་དང་བྲན་གཡོག་གི་མི་ལུས་མངའ་བདག་ལ་གཞན་བརྟེན་བྱེད་པའི་ལམ་ལུགས་མེད་པ་བཟོས་པ། ཐོན་སྐྱེད་ནུས་ཤུགས་ཁྲོད་ཀྱི་ཆེས་གསོན་ཉམས་དོད་ཤོས་དང་ཆེས་གསར་བརྗེའི་རྒྱུ་རྐྱེན་བཤུ་གཞོག་དང་གཉའ་གནོན་གྱི་ཁྲོད་ནས་བཅིངས་འགྲོལ་བཏང་སྟེ་བོད་ཀྱི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་ཡོང་བར་ཡངས་ཤིང་རྒྱ་ཆེ་བའི་ལམ་བུ་ཞིག་བཏོད་དེ་བོད་འདི་ཉིད་དར་རྒྱས་གོང་འཕེལ་གྱི་ཕྱོགས་སུ་སྐྱོད་ཕྱིར་འོད་སྟོང་འབར་བའི་མདུན་ལམ་བཏོད་ཡོད། ལོ་61རིང་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཁྲིད་སྟོན་འོག་བོད་ཀྱི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གྱི་ཆུ་ཚད་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ་དང་། དཔལ་འབྱོར་སྤྱི་འབོར་ལ་འཕུར་མཆོང་ཆེན་པོ་བྱུང་བ། དཔལ་འབྱོར་གྱི་གྲུབ་ཆར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བཅས་བྱུང་ནས་དབྱར་མཚོ་རྒྱས་པ་ལྟར་གྱི་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོ་མངོན་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད། ད་ཆ་བོད་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་བརྒྱ་ཡན་ཟིན་རྒྱུ་བརྟན་པོ་བྱུང་བ་དང་། བོད་ཀྱི་ཁྱད་ལྡན་བཟོ་ལས་མ་ལག་དང་ཞབས་ཞུའི་ལས་རིགས་ཀྱི་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ། ཐོན་ལས་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། སྤྱི་ཚོགས་དང་དཔལ་འབྱོར་ལ་གསོན་ཤུགས་ཀྱིས་ཁེངས་པ་བཅས་བྱུང་ཡོད། 2019ལོར་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1600ལྷག་ཙམ་ཟིན་པ་དང་ཡུལ་སྐོར་བ་མི་ཐེངས་ཁྲི་4000ལྷག་ཙམ་ཟིན་ཡོད་པ་རེད།

དམངས་གཙོའི་བཅོས་སྒྱུར་བྱས་པ་ལས་བོད་འདི་ཉིད་ཡུན་རིང་བདེ་འཁོད་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། ལམ་བུ་དེའི་ཐོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་སྤྱི་ཚོགས་ཀྱི་དམིགས་བསལ་འགལ་ཟླ་སྟངས་འཛིན་ནན་པོ་བྱས་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་རོ་ལངས་ཀྱི་སྟོབས་ཤུགས་ལྷག་འཕྲོས་བོད་དུ་སྤྱི་ཚོགས་ཟང་ཟིང་བཟོ་བའི་གྲལ་རིམ་གྱི་རྨང་གཞི་རྩ་བཀོག་བཏང་བ་དང་འབྲེལ་རྒྱུན་སྲིང་ལྷོད་མེད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱས་ནས་ཡུན་རིང་བདེ་འཁོད་ཀྱི་ལམ་ཆེན་ཐོག་སྐྱོད་འགོ་ཚུགས་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང“མངའ་བདག་ཆེན་པོ་གསུམ”གྱི་དབང་བསྒྱུར་འོག་གི་བོད་རྙིང་པའི་ཆབ་སྲིད་ཀྱི་ལམ་ལུགས་མུན་ནག་དང་ལོག་སྤྱོད་ཡིན་པ་དང་། མཐོ་རིམ་ཞིང་བྲན་བདག་པོའི་དབར་འཐབ་རྩོད་གྲངས་མེད་བྱེད་པ། གྲལ་རིམ་དབར་གྱི་འགལ་ཟླ་རྣོ་ངར་ཤིན་ཏུ་ཆེ་བ། སྤྱི་ཚོགས་ཀྱི་ཟིང་ཆ་ཡང་ཡང་ཐོན་གྱི་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་པ་དེས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་མེད་པར་བཟོས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་ནས་བོད་འདི་ཉིད་ཡུན་རིང་བདེ་འཁོད་ཕྱོགས་སུ་སྐྱོད་པའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་བཏང་བ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་སོགས་ལམ་ལུགས་རབ་དང་རིམ་པར་བརྟེན་ནས་བོད་འདི་ཉིད་ཡུན་རིང་བདེ་འཁོད་ཕྱོགས་སུ་སྐྱོད་པའི་ལམ་ལུགས་ཀྱི་རྨང་གཞི་བརྟན་དུ་བཏང་བ། ཞིང་བྲན་ཁྲི་ཚོ་བརྒྱ་བཀས་བཀོད་རྒྱུད་འཛིན་གྱི་ལྷ་དབང་གི་བསམ་བློའི་འཆིང་རྒྱ་ལས་སྒྲོལ་ནས་སྤྱི་ཚོགས་རིང་ལུགས་ཀྱི་གོ་རྟོགས་ལྡན་པའི་ངལ་རྩོལ་པར་གྱུར་ཏེ་བོད་འདི་ཉིད་ཡུན་རིང་བདེ་འཁོད་ཕྱོགས་སུ་སྐྱོད་པའི་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་བྱས་ནས་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་བཏང་སྟེ་བོད་འདི་ཉིད་ཡུན་རིང་བདེ་འཁོད་ཕྱོགས་སུ་སྐྱོད་པའི་སྒྲིག་གཞི་དང་ལམ་སྲོལ་གྱི་རྨང་གཞི་བརྟན་དུ་བཏང་བ་བཅས་བྱས་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་61སོང་རིང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་མེས་རྒྱལ་ཁ་ཕྲལ་དུ་གཏོང་བའི་སྡིག་ཉེས་ཀྱི་བྱེད་སྤྱོད་རེ་རེ་བཞིན་ཕམ་ཉེས་སུ་བཏང་ནས་མི་རིགས་ཁག་གི་མི་དམངས་ཚོས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆབ་སྲིད་ཐོག་གི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐོག་གི་གཡོ་རྫུས་རང་བཞིན། བྱ་ཐབས་ཐོག་གི་མགོ་སྐོར་རང་བཞིན་བཅས་སྔར་བས་གསལ་རྟོགས་ཐུབ་པ་དང་དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པའི་ཆོད་སེམས་དང་ཡིད་ཆེས་སྔར་བས་བརྟན་དུ་སོང་ཡོད། ད་ཆའི་བོད་དུ“མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་། ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི”འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པ་མ་ཟད། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སྒོ་ནས་དུས་བདེའི་བོད་ལྗོངས་ཕྱར་བ་གྲུ་འདེགས་ངང་བསྐྲུན་ཏེ་བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་འགན་ལེན་བྱེད་པ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་འདོད་འདུན་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་གྱུར་ཡོད།

དམངས་གཙོའི་བཅོས་སྒྱུར་བྱས་པ་ལས་བོད་མི་དམངས་རྣམས་བདེ་སྐྱིད་ཁམས་བདེའི་ལམ་བུའི་ཐོག་བསྐྱོད་ཡོད། ལམ་བུ་དེའི་ཐོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་འགྲོ་བཞིན་པའི་དེང་རབས་ཀྱི་ཤེས་དཔལ་གྲུབ་འབྲས་ལོངས་སྤྱོད་གང་ལེགས་ཐུབ་པ་དང་། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དེ་རིམ་བཞིན་མངོན་འགྱུར་བྱུང་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་61སོང་རིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་བ། བདེ་སྐྱིད་སྟོན་གྲངས་མཐོ་རུ་ཤུགས་ཆེན་ཕྱིན་པ་བཅས་བྱུང་ཡོད། 2019ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10%དང་13%སོ་སོར་འཕར་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་མུ་མཐུད་གནས་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་འགྲོ་བ་དང་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས“ཡོད་མེད”བརྩོན་ལེན་བྱེད་པ་ནས་འཚོ་བ“སྐྱིད་པོ་ཡོད་མེད”བར་འགྱུར་ལྡོག་བྱུང་ཡོད། 2019ལོར་བོད་ཀྱི་དབུལ་པོ་དབུལ་རྐྱང་གཞི་རྩའི་ཆར་བསལ་ནས་ལོ་ངོ་མང་པོའི་རིང་ས་མཐོའི་བུ་ཕྲུག་ལ་འཕྲད་པའི་དབུལ་ཕོངས་ཀྱི་གནད་དོན་ལོ་རྒྱུས་རང་བཞིན་ངང་ཐག་གཅོད་ཐུབ་རྒྱུ་རེད། དེ་དང་དུས་མཚུངས་ཞིང་འབྲོག་པ་ཐག་ཉེ་སར་ལས་ཞུགས་བྱེད་པ་དང་ཕྱིར་གླ་པ་རྒྱུག་པར་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་བ་དང་། མཐོ་སློབ་སློབ་ཐོན་སློབ་མ་སྲིད་གཞུང་གིས་ལས་ཞུགས་བྱེད་པ་དང་ཁྲོམ་རར་ལས་ཞུགས་བྱེད་པ་གཉིས་ཀར་ཤུགས་བརྒྱབ་སྟེ་དེང་རབས་སློབ་གསོ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པ་དང་། སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་ཐོག་མར་ཐུབ་ཡོད། འཕྲོད་བསྟེན་བདེ་ཐང་བྱ་གཞག་སྔར་བས་འཕེལ་རྒྱས་ཕྱིན་པ་དང་། སྨན་བཅོས་འགན་སྲུང་ཁྱོན་ཡོངས་ལ་ཁྱབ་པ། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ་35.5ནས་ལོ་70.6བར་མཐོ་རུ་སོང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཉིན་རེ་ལས་མ་འདས་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་སོགས་ཀྱི་དམངས་ཕན་སྲིད་ཇུས་ཁག་མང་པོའི་ཚད་གཞི་མཐོ་རུ་དང་ཁྱབ་རྒྱ་མུ་མཐུད་ཆེ་རུ་སོང་ཡོད། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྣ་མང་ཕུན་སུམ་ཚོགས་སུ་སོང་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ཐུབ་ཡོད། ད་ཆའི་བོད་ལ་མི་དམངས་རྣམས་བདེ་སྡོད་ལས་བརྩོན་དང་འཚོ་བ་བདེ་སྐྱིད་ལྡན་པ་མ་ཟད། ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད།

བརྗིད་ཉམས་ལྡན་པའི་ལོ་རྒྱུས་ལམ་ཚད་ཀྱིས་འགྱུར་ལྡོག་ཆེན་པོའི་དཔང་པོ་བྱེད་ཐུབ་པ་དང་། རླབས་ཆེན་གྲུབ་འབྲས་ཀྱིས་གངས་ལྗོངས་ས་མཐོར་ཕན་བདེ་བསྐྲུན་ཡོད། ལོ་61རིང་གི་བོད་ཀྱི་སྤྱིར་བཏང་མིན་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་ཚད་དང་། མངོན་འགྱུར་བྱུང་བའི་རླབས་ཆེན་གྱི་མཆོང་སྐྱོད། འོད་སྟོང་འབར་བའི་གྲུབ་འབྲས་བཅས་ནི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ལས་བྱུང་བ་ཞིག་ཡིན་པ་དང་། དེ་ཐོག་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་མངོན་ཡོད་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འབད་འཐབ་ལྷོད་མེད་ཀྱང་མཚོན་ཡོད། དུས་རབས་གསར་པའི་ཉི་འོད་བསུས་ནས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་བསྐྱོད་དེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་སེམས་གཅིག་མཐུན་དང་ཕྱར་བ་གྲུ་འདེགས་ངང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་ཚེ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་བསྐྲུན་པའི་རླབས་ཆེན་གྱི་བྱ་གཞག་ལ་རྒྱལ་ཁ་གསར་པ་དེ་བས་ཆེ་བ་ཐོབ་ངེས་ཡིན་ལ། མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་མངོན་འགྱུར་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

(བདེ་སྐྱིད་སྒྲོལ་དཀར་དང་བསོད་ནམས་དཔའ་མོས་སྒྱུར་ཞུས་བྱས)