《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月25日

འདམ་གཞུང་རྫོང་གིས“ཐོབ་ཐང་ལག་ཁྱེར”ཡོད་པའི་ཚགས་ཤ་སྤུས་རྟགས་བཏོད་པས།

སྣོད་བཅུད་སྲུང་སྐྱོང་ཐུབ་པ་དང་མང་ཚོགས་ཕྱུག་པོར་འགྱུར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་22ཉིན་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་འདམ་གཞུང་རྫོང་གིས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏིང་ཟབ་བཏང་ནས་འབྲི་གཡག་ཐོན་ལས་གོང་འཕེལ་གཏོང་རྒྱུ་རྨང་གཞིར་བྱེད་པ་དང་། ཁྱིམ་ཚང་འབྲོག་རའི་འཁོར་སྐྱོད་ལས་སྟེགས་སུ་བྱེད་པ། “ཐོབ་ཐང་ལག་ཁྱེར”ཡོད་པའི་ཚགས་ཤ་སྤུས་རྟགས་སུ་བརྩི་བ་བཅས་ཀྱི་ཐོན་ལས་འཁོར་སྦྲེལ་བརྟེན་སར་བྱས་ནས་ནུས་ཆེའི་གསོ་ཚགས་དང་རྒྱགས་གསོའི་ལག་རྩལ་འཚོལ་ཞིབ་ཧུར་ཐག་བྱས་པས་རྩྭ་ཐང་གི་སྣོད་བཅུད་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་མང་ཚོགས་རྒྱུན་མཐུད་ངང་འབབ་འཕར་བྱུང་ནས་ཕྱུག་པོར་འགྱུར་ཡོད། འདི་ལོ་འདམ་གཞུང་རྫོང་གིས་འབྲི་གཡག་རྒྱགས་གསོའི་ལས་དོན་ལ་སྐུལ་མ་བརྟན་པོ་གཏོང་བཞིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། འདམ་གཞུང་ས་གཙང་འབྲོག་ར་2018ལོའི་ཟླ་4པར་དངོས་སུ་འཁོར་སྐྱོད་བྱེད་འགོ་ཚུགས་ཡོད། འབྲོག་ར་དེ་ལུང་རིང་ཤང་ཀོ་ཁྱིམ་གྲོང་ཚོར་གནས་པ་དང་ས་ཁྱོན་མུའུ་30ཙམ་བཟུང་ཡོད་པ་དེར་ལྷས་ར་ཁག་4ལ་བགོས་ཏེ་དུས་ཐེངས་དང་པོའི་རྣམ་གྲངས་ལ་འབྲི་གཡག་གསོ་ཚགས་གཞི་ཁྱོན་བསྡོམས་འབོར་400ཟིན་ཡོད། 2019ལོའི་ལོ་སྟོད་དུ་འདམ་གཞུང་རྫོང་གིས་སླར་ཡང་མ་དངུལ་སྒོར་ཁྲི་200ལྷག་ཙམ་བཏང་ནས་ས་ཁྱོན་སྨི་ངོས་གྲུ་416ཙམ་བཟུང་བའི་རིག་ནུས་རྩྭ་ར་ཐོན་སྐྱེད་ཀྱི་འཁོར་ཁང་བསྐྲུན་ནས་རྩྭ་ར་གཟའ་འཁོར་ལ་ཐོན་ཚད་ཏུན་8ནས་10བར་ཟིན་པ་དེས་རྫོང་དེ་ཡོངས་ཀྱི་རྩྭ་ཐང་ཐོན་ཁུངས་ཁ་ཐང་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་དང་དུས་མཚུངས་འདམ་གཞུང་རྫོང་གིས་ཞིང་འབྲོག་པ་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ནས་འདམ་གཞུང་ནས་ཡིན་པའི་སློབ་ཆེན་ཐོན་པའི་སློབ་མ་དང་ས་གནས་ཀྱི་མང་ཚོགས་ལས་ཞུགས་ཐུབ་པ་བྱེད་ཀྱི་ཡོད།

མིག་སྔར་འབྲོག་ར་དེ་སྒེར་གཉེར་དང་། དུད་སྦྲེལ། རྒྱལ་གཉེར་བཅས་བྱ་ཐབས་རིགས་གསུམ་ལ་གཞིགས་ཏེ་འབྲི་གཡག་མ་རྐང་ནང་ཞུགས་པ་དང་། རྩྭ་ར་རྒྱུན་འཁོར་བྱེད་པ། འབྲོག་པ་གླིང་ནང་ཞུགས་པ་བཅས་ཀྱི་གསོ་ཚགས་བྱ་ཐབས་ལག་ལེན་བསྟར་ནས་ཀུང་སིས་འབྲོག་དུད་ཀྱི་ཕྱུགས་རིགས་གསོན་པོ་རྒྱ་མར་བཀྱག་པའི་རྣམ་པའི་ཐོག་ནས་མ་རྐང་ནང་ཞུགས་བཅུག་པ་མ་ཟད། རང་མོས་ཀྱི་རྩ་དོན་ལྟར་ཀོ་ཁྱིམ་གྲོང་ཚོའི་འབྲོག་དུད་ཚང་མས་དངོས་སུ་གཤོང་ཐུབ་པའི་ཕྱུགས་རིགས་མཐའ་དག་མ་རྐང་ནང་བཅུག་ནས་ཀུང་སིའི་མ་རྐང་ནང་ཞུགས་པའི་མ་དངུལ་བསྡོམས་འབོར་གྱི་12%ཀྱི་ཚད་གཞི་ལྟར་འབྲོག་དུད་ལ་ཡོང་འབབ་བགོ་བཤའ་རྒྱག་གི་ཡོད། མིག་སྔའི་བར་མ་རྐང་ནང་ཞུགས་པའི་ཕྱུགས་རིགས་1755ཡོད་པ་དང་གཤོང་ཚད་ལས་བརྒལ་བའི་ཕྱུགས་རིགས་འདམ་གཞུང་ས་གཙང་འབྲོག་ར་ཚད་ཡོད་ཀུང་སིས་ཉོ་ཐེངས་གཅིག་ལ་ཉོ་ཡི་ཡོད། མིག་སྔར་ཕྱུགས་རིགས་2578ཉོས་ཡོད། 2019ལོར་འབྲོག་ར་དེས་ཕྱུགས་རིགས་1010བཤས་བཏང་ནས་ལས་མིར་གླ་ཆ་སྒོར་ཁྲི་104སྤྲད་ཡོད་པ་རེད། (བདེ་སྐྱིད་སྒྲོལ་དཀར་གྱིས་བསྒྱུར། བདེ་སྒྲོལ་དང་བསོད་དཔའ་ཡིས་ཞུས)